དྲུག་བརྒྱ་དྲུག་ཅུའི་རྗེས་དྲན། – – – ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྐོར་གླེང་བ།

0
973

{ནང་དོན་གནད་བསྡུས།}

ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས། དེང་དུས་བལ་བོའི་རྒྱལ་ཁོངས་དོལ་པོར་སྐུ་འཁྲུངས། ནར་སོན་རྗེས་བོད་དབུས་སུ་ཕེབས་ནས་སློབ་གཉེར་མཐར་ཕྱིན་མཛད། དབུས་གཙང་གཉིས་སུ་གྲྭ་སྐོར་མཛད་པས་རྩོད་བྲལ་དུ་གྱུར་ཏེ་ཀུན་མཁྱེན་ཞེས་གྲགས། ཇོ་ནང་གི་གདན་ས་མཛད་ཅིང་། སྐུ་འབུམ་མཐོང་གྲོལ་ཆེན་མོ་གསར་བཞེངས་དང་འབྲེལ། གངས་ལྗོངས་སུ་སྔོན་ཆད་བྱུང་མ་མྱོང་བའི་རྒྱལ་བའི་བཀའི་དགོངས་འགྲེལ་ཐུན་མོང་མ་ཡིན་པ་མཛད་དེ། སངས་རྒྱས་ཀྱི་བསྟན་པར་སྐྱོན་བསྲེས་པ་དང་ལྷད་བཅུག་པ་རྣམས་གཙང་སེལ་གྱིས་རྒྱལ་བསྟན་དག་ཐེར་དང་བཀའ་བསྡུ་བཞི་བ་མཛད་པས། བོད་ཀྱི་ནང་བསྟན་ཆོས་ལུགས་ལ་འགྱུར་ལྡོག་དང་ཡར་རྒྱས་ཆེན་པོ་བྱུང་བའི་སྐོར་ཡིན་ནོ། །

{གནད་ཚིག} ལུང་བསྟན། རྔ་བོ་ཆེའི་མདོ། གཞོན་ནུ་ལི་ཙ་བཱི། ཀ་ཡོ་རི། བན་ཚང་། དོལ་པོ་སངས་རྒྱས། རྫོགས་ལྡན། གཞན་སྟོང་དབུ་མ། བཀའ་བསྡུ་བཞི་བ། བསྲེས་ལྷད།

དེ་ཡང་འཇམ་དབྱངས་བླ་མ་འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་(༡༨༤༤-༡༩༠༤) ཞལ་སྔ་[1]ནས། “རྔ་བོ་ཆེའི་མདོར་རྒྱལ་བའི་མཚན་འཛིན་ཅིང་།། རྒྱལ་བའི་དགོངས་པ་མཐའ་དག་ཚུལ་བཞིན་དུ།། མཁྱེན་པའི་སྐྱེས་བུ་མཆོག་ཏུ་ལུང་གིས་བསྔགས།། མཐར་ཐུག་དབུ་མ་ཆེན་པོའི་ཤིང་རྟ་ཆེ།། གངས་ཅན་མཁས་དང་གྲུབ་པ་ཡོངས་ཀྱི་དབུས།། རྒྱུ་སྐར་དབུས་ན་ཉ་རྒྱས་ཟླ་བཞིན་འཕགས།། རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པའི།། བསྟན་པ་ཕྱོགས་ཀུན་ཡུན་རིང་འབར་གྱུར་ཅིག།” ཅེས་གསུངས་པ་ལྟར། བོད་གངས་རིའི་ལྗོངས་འདིར་ཀུན་མཁྱེན་དོལ་པོ་སངས་རྒྱས་ཞེས་ཡོངས་སུ་གྲགས་ཤིང་། རྒྱལ་བའི་དགོངས་པ་མཐའ་དག་ཚུལ་བཞིན་དུ་མཁྱེན་པའི་སྐྱེས་བུ་མཆོག་ཏུ་ཚད་མའི་ལུང་གིས་ཡང་ཡང་བསྔགས་པ་དེ་ཉིད་ཀྱི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ནས་མི་ལོ་ ༦༦༠ འཁོར་བའི་དུས་དྲན་ཆེད། 《དྲུག་བརྒྱ་དྲུག་ཅུའི་རྗེས་དྲན་》ཞེས་པའི་ཁ་བྱང་འོག་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རྣམ་ཐར་ལ་ཕྱི་མིག་ཅིག་བལྟས་ན།

གཅིག ཀ་ཡོ་རིའི་འདབས་ཀྱི་གཞོན་ནུ།

ཐོག་མར་ངེས་དོན་མདོ་སྡེ་《འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ་》ཞེས་གྲགས་པ་འདིའི་དབུ་གཞུང་མཇུག་གསུམ། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་ཐོག་མཐའ་བར་གསུམ་གྱི་སྐུ་ཚེའི་རྣམ་ཐར་དང་འབྲེལ་བ་དམ་ཟབ་ཡོད་པས། མདོ་འདི་དང་སྦྱར་ཏེ་ཅུང་ཟད་གླེང་འདོད་བྱུང་།

དེ་རིང་ནས་ཡར་བརྩིས་པའི་མི་ལོ་ ༢༥༥༠ ལྷག་གི་ཡར་སྔོན་ཞིག་ཏུ་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། རྒྱ་གར་མཉན་ཡོད་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་བཞུགས་ཏེ། འཁོར་གྱི་གཙོ་བོ་འཕགས་པ་འོད་སྲུང་དང་། ཀུན་དགའ་བོ། ལི་ཙ་བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་སོགས་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུར་འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ་[2]གསུང་སྐབས། “བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་མདོ་འདི་ནི་ཟབ་ཅིང་རྟོགས་པར་དཀའ་བ། ཡིད་ཆེས་ཤིང་དད་པར་དཀའ་བ། སངས་རྒྱས་ཀྱི་གསང་བ་ཡིན་ཏེ། ཀུན་དགའ་བོ་དེའི་ཕྱིར་འོང་བ་དང་མ་འོངས་པ་ཐམས་ཅད་ལ་ལྷགས་པ་ལེགས་སོ་ལྷགས་པ་ལེགས་སོ་ཞེས་ཚིག་ཏུ་མ་བརྗོད་ཅིག” ཅེས་མདོ་སྡེ་འདིའི་ཐུན་མིན་ཟབ་ཁྱད་དང་། དེའི་སྣོད་ཀྱི་ཁྱད་པར་ནན་ཏན་དུ་བསྟན་ཅིང་། ཡང་། “བཀའ་སྩལ་པ། འོད་སྲུང་སེམས་ཅན་སྤུན་པ་ལྟ་བུ་མ་ཡིན་པ་དེ་དག་རྔ་བོ་ཆེ་ཆེན་པོ་ཞེས་བྱ་བའི་མདོ་འདི་ཉན་པར་འགྱུར་རོ།།” ཞེས་འཁོར་གྱི་ནང་དུ་ངེས་དོན་མདོ་སྡེ་འདིའི་སྣོད་མིན་གདུལ་བྱ་ཡོད་མེད་བརྟག་དཔྱད་བྱེད་དགོས་ཚུལ་བཀའ་བསྩལ།

དེ་བཞིན་དུ། འོད་སྲུང་ཆེན་པོས། “བཅོམ་ལྡན་འདས་འཁོར་འདི་ཐམས་ཅད་ནི་ཚུལ་ཁྲིམས་བསྲུང་བ། ཚུལ་དང་མཐུན་པ་ལགས་ཏེ། འཁོར་གྱི་དཀྱིལ་འཁོར་ན་དེ་དག་ནི་ཙན་དན་གྱི་སྙིང་པོ་འདྲ་བ་ཤ་སྟག་ལགས་སོ།།” ཞེས་འཁོར་དག་པ་འབའ་ཞིག་ཡིན་ཚུལ་ཞུས་པས། ཡང་། བཅོམ་ལྡན་འདས་[3]ཀྱིས། “འདི་ལྟ་བུའི་མདོ་སྡེ་རྒྱ་ཆེན་པོ་མཆོག་བོར་ནས་མདོ་སྡེ་གཞན་མི་སྒྲོག་པའི་ཤེས་རབ་ཅན། གང་དུ་སངས་རྒྱས་རྟག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་བསྟན་པ་གཞན་ཡང་སྒྲོག་ཅིང་མི་སྤོང་བ། བརྟན་པ། འཇིག་ཚོགས་ལ་ལྟ་བས་སྟོང་པ་སྟོང་པ་མ་ཡིན་གྱི། འདུས་བྱས་ཐམས་ཅད་རང་བཞིན་གྱིས་སྟོང་པ། ཐེར་ཟུག་མཆོག་གི་གཞི་དེ་འདོད་པ་དེ་ལྟ་བུ་ལ་སོགས་པའི་ཡོན་ཏན་ལ་བརྟེན་པ་དག་སྟེ། ཡོན་ཏན་ལྷག་མ་ནི་བསམ་གྱིས་མི་ཁྱབ་བོ།། འོད་སྲུང་དེ་ལྟ་བས་ན་ཁྱོད་ཀྱིས་ལན་གཉིས་ལན་གསུམ་དུ་ཡང་འཁོར་སོལ་ཞིག” ཅེས་དང་།

ཡང་[4]། “འོད་སྲུང་དེ་བཞིན་དུ་ངའི་ཉན་ཐོས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་བསླབ་པ་ལེགས་པར་ཇི་ལྟར་བཅས་པ་ལ་ལེགས་པར་བསླབས་པ་གང་ཡིན་པ་དེ་དག་དང་། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང་། འདུལ་བའི་ཆོ་ག་དང་། སྤྱོད་ཡུལ་ལ་གནས་པ་དེ་དག་ལ་ནི་དེ་བཞིན་གཤེགས་པས་ལྷ་དང་མིའི་བདེ་བ་སྦྱིན་པར་མཛད་དོ།། དེ་ལས་གཞན་པའི་ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་ཕམ་པར་བྱེད་པ་གང་ཡིན་པ་དེ་དག་ལ་ནི་དེ་བཞིན་གཤེགས་པས་འཕགས་པའི་བདེན་པ་བཞིའི་རྣམ་པར་གྲོལ་བའི་ཅོད་པན་འཆིང་བར་མཛད་དོ།། དེ་ལས་གཞན་པའི་རྒྱ་ཆེན་པོ་ལ་ལྷག་པར་མོས་པ་དེ་བཞིན་གཤེགས་པའི་སྙིང་པོའི་ཆེ་བའི་བདག་ཉིད་རྟག་པ་དང་། བརྟན་པ་དང་། ཞི་བ་དང་། ཐེར་ཟུག་པ་འདོད་པའི་སེམས་ཅན་གང་ཡིན་པ་དེ་དག་ལ་ནི་དེ་བཞིན་གཤེགས་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐེག་པ་ཆེན་པོའི་དབང་བསྐུར་བའི་ཅོད་པན་འཆིང་བར་མཛད་དོ།། འོད་སྲུང་དེ་བཞིན་དུ་ཁྱོད་ཀྱང་དེ་རིང་ཐེག་པ་ཆེན་པོའི་དབང་བསྐུར་བའི་ཅོད་པན་བཅིངས་ཏེ། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོའི་སྤྱན་སྔ་ནས་རྔ་བོ་ཆེ་ཆེན་པོའི་མདོ་འདི་འབྱིན་པར་འགྱུར་རོ།། དེ་ལྟ་བས་ན་འོད་སྲུང་ཁྱོད་ཀྱིས་ཀྱང་ད་ནི་ང་འདས་ནས་མདོ་འདི་འབྱུང་བར་རིགས་སོ།།” ཞེས་རྒྱུད་ཡོངས་སུ་སྨིན་པའི་གདུལ་བྱ་ཁྱད་པར་ཅན་ལ་ཆོས་ཐམས་ཅད་ཀྱི་སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོ་རྟག་བརྟན་ཐེར་ཟུག་མཆོག་གི་གཞི་མ་སྦས་ཤིང་གསལ་བར་བསྟན་པ་མ་ཟད། མ་འོངས་པའི་དུས་སུ་གཞོན་ནུ་ལི་ཙ་བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་ཉིད་མདོ་སྡེ་འདི་ཉིད་འཆད་པའི་སྐྱེས་བུ་མཆོག་ཏུ་འགྱུར་ཚུལ་ལུང་གིས་གསལ་བར་བསྟན་པ་ནི།

ཡང་། མདོ་དེ་ཉིད་[5]ལས། “དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འོད་སྲུང་ཁྱོད་ནི་ཞིང་སྲུང་བ་ལྟ་བུར་མ་ནུས་ཏེ། ཞིང་སྲུང་བཞིན་དུ་ཐབས་ལ་མཁས་པའི་གཞོན་ནུས་མདོ་འདི་ཐམས་ཅད་མཉན་ནས་ལུས་ལ་ཐོགས་ཏེ། འཇིག་རྟེན་དུ་མངོན་སུམ་དུ་འབྱིན་པར་འགྱུར་རོ།། དེ་ནི་ངས་ས་བདུན་པ་ལ་བཞག་སྟེ་མི་ཕལ་བ་ཞིག་ཏུ་བྱིན་གྱིས་བརླབས་ནས་གང་གི་ཚེ་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པར་འགྱུར་བ་དེའི་ཚེ་ལྷོ་ཕྱོགས་སུ་ཡུལ་མུ་རུན་དུ་ཞེས་བྱ་བ་ན་ཆུ་བོའི་འགྲམ་ལ་བརྟེན་པའི་གྲོང་ཁྱེར་དམག་གིས་མི་ཚུགས་པ་ཞེས་བྱ་བ་དང་། ཉེ་བའི་གྲོང་ཁྱེར་ཕྲེང་བ་ཆེན་པོ་ཞེས་བྱ་བར་ཀ་ཡོ་རི་ཞེས་བྱ་བའི་རིགས་རྒྱུད་དེར་སྐྱེས་ནས་ངའི་མིང་འཆང་བའི་དགེ་སློང་ཞིག་ཏུ་གྱུར་ཏེ།” ཞེས་མདོ་སྡེ་འདི་ཉིད་ཚུལ་བཞིན་འཆད་པའི་སྐྱེས་བུ་མཆོག་དེ་མ་འོངས་པར་གང་དུ་འཁྲུངས་པའི་ཡུལ་དང་། རིགས་དང་། དུས་དང་། མཚན་སོགས་གསལ་བར་ལུང་གིས་བསྟན་པ་མ་ཟད། བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་ལས་[6]ཀྱང་། “བདག་གི་སྤྲུལ་བ་ཀུན་མཁྱེན་ཇོ་ནང་ཞེས།། བོད་ཁམས་འདི་ན་མཁས་ཤིང་གྲུབ་བརྙེས་པའི།།  བསྟན་པའི་སྲོག་འཛིན་མདོ་སྔགས་བདག་པོར་འགྱུར།།” ཞེས་དང་། ཡང་། གཏེར་ཆེན་པདྨ་གླིང་བའི་ཨུ་རྒྱན་བཀའ་ཐང་[7]ལས། “དོལ་པོའི་ཡུལ་ནས་མཁར་ཆེན་དཔལ་དབང་དང་༔ ལོ་ཆེན་གཙང་པ་རིངས་མོའི་སྤྲུལ་བ་ནི༔ རོག་ཚང་ཇོ་ནང་ཞེས་པའི་མགོན་གནས་སུ༔ དོལ་བུ་སངས་རྒྱས་ཀུན་དགའ་ལེགས་ཞེས་འབྱུང་༔ མདོ་རྒྱུད་ཀུན་གསལ་སྙིང་པོའི་དོན་ལྡན་འབྱུང་༔” ཞེས་མདོ་དང་བསྟན་བཅོས་དུ་མ་ནས་ཡང་ཡང་ལུང་གིས་གསལ་བར་བསྔགས་པ། ཀུན་མཁྱེན་དོལ་པོ་སངས་རྒྱས་ཞེས་འཇིག་རྟེན་འདིར་ཉི་མ་དང་ཟླ་བ་ལྟར་ཡོངས་སུ་གྲགས་པ་དེ་ཉིད། ཕྱི་ལོ་ ༡༢༩༢ ལོར་དོལ་པོ་གྲུ་བཞིའི་གནས་ཀྱི་ལྟེ་བ་ཀ་ཡོ་རི་ཞེས་གྲགས་པའི་འདབས། བན་ཚང་སྡེ་བའི་སའི་ཆ། སུམ་མདོའམ་དེང་སང་སྤུ་མདོར་འབོད་པ་རུ་ངམ་རིང་གྲགས་པའི་རྒྱལ་རྒྱུད་ཡབ་ནམ་སྟོན་ཡེ་ཤེས་དབང་ཕྱུག་དང་། བླ་མ་སྐྱི་སྟེངས་པའི་གཅེན་མོ་ཡུམ་ཚུལ་ཁྲིམས་རྒྱན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གཅེན་མོ་རིན་ཆེན་དབྱིངས་དང་། གཅུང་མོ་བསོད་ནམས་དབྱིངས། བསོད་ནམས་ལྕམ་སྟེ་སྐུ་སྲིང་གསུམ་དང་། གཅུང་བོ་རྡོ་རྗེ་རྒྱལ་མཚན་བཅས་མིང་སྲིང་ལྔ་ལས་ཁོང་གཉིས་པ་ཡིན།

ཁོང་གི་གདུང་རུས་ནི་ནམ་ཡིན། མེས་པོའི་སྐུ་གཟུགས་རིང་བས་ནམ་རིང་ཞེས་གྲགས་ཤིང་། ཡབ་ཀྱི་རྟེན་སྔགས་འཆང་ཡིན་པས་ཀུན་གྱིས་ངམ་སྟོན་ཞེས་འབོད། ཆོ་འབྲང་ངམ་ཡུམ་གྱི་རུས་རྒྱུད་ནི་སྐྱི་ཡིན་པར་ངེས་ཏེ། དོལ་པོའི་ཕྱོགས་སུ་སྐྱི་ཟེར་བའི་རུས་རྒྱུད་དེ་གྲགས་ཆེ་ཞིང་། སྐྱི་སྟོན་འཇམ་དབྱངས་གྲགས་པ་དང་། སྐྱི་སྟོན་ཚུལ་ཁྲིམས་སྙིང་པོ་སོགས་སྐྱིའི་རིགས་སུ་འཁྲུངས་པ་འམ། ཡང་ན་སྐྱི་ཞེས་པའི་སར་འཁྲུངས་བས་སྐྱི་སྟོན་ཞེས་གྲགས་པ་ཡིན་ཆོག་ལ། ད་ལྟའི་ཆར་ཡང་དོལ་པོ་རུ་སྐྱི་བ་ཞེས་པའི་ལུང་བ་ཞིག་ཀྱང་ཡོད་ཟེར། དེས་ན་བླ་མ་སྐྱི་སྟེངས་པ་དང་སྐྱི་སྟེངས་དགོན་པ་ཡང་དེ་ལྟར་ཐོགས་པ་ཡིན་སྲིད། གང་ལྟར་དེ་རིང་སྟེ་ཕྱི་ལོ་ ༢༠༢༡ ནས་ཡར་བརྩིས་ན། ཁོང་འཇིག་རྟེན་དུ་ཕེབས་ནས་མི་ལོ་ཧྲིལ་བོ་ ༧༢༩ དང་། མྱ་ངན་ལས་འདས་ནས་ལོ་གྲངས་ ༦༦༠ འདས།

གཏེར་ཆེན་པདྨ་གླིང་པའམ་(༡༤༥༠-༡༥༢༡)ཨོ་རྒྱན་པདྨ་གླིང་བ་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་སྤྲུལ་སྐུར་གྲགས་ཤིང་། ཨོ་རྒྱན་རིན་པོ་ཆེས་ཞལ་དངོས་སུ་བསྟན་ནས་བྱིན་གྱིས་བརླབས། གཏེར་ཁ་ཆེན་པོ་བརྒྱ་རྩ་བརྒྱད་ཀྱི་ཁ་བྱང་ཕྱག་ཏུ་བསྩལ་སའི་གཏེར་ཆེན་ཞིག་ཡིན། ཁོང་ཀུན་མཁྱེན་དོལ་པོ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་གྲངས་ ༨༨ འདས་རྗེས་གཞི་ནས་འཁྲུངས་པ་ཡིན་པས། ཁོང་གིས་གཏེར་ལུང་ནས་ཀུན་མཁྱེན་དོལ་པོ་སངས་རྒྱས་ལུང་གིས་བསྟན་ཚུལ་ཅི་ཡིན་སྙམ་ན། སྤྱིར་བཏང་གཏེར་ཆོས་ཟེར་བ་ནི་གུ་རུ་རིན་པོ་ཆེས་གནས་ཆེན་རྣམས་སུ་གཏེར་དུ་སྦས་ཤིང་། ཕྱིས་སུ་དུས་བབ་གཏེར་སྟོན་རྣམས་ཀྱིས་གཏེར་ནས་བཏོན་པ་ཞིག་རེད། དཔེར་ན་ཏུན་ཧོང་བྲག་ཕུག་ནས་རྙེད་པའི་གནའ་བོའི་ཡིག་རྙིང་ལྟ་བུ་རེད་ཅེས་བཤད་ཀྱང་ཆོག དེར་བརྟེན་གཏེར་སྟོན་ཕལ་མོ་ཆེའི་གཏེར་གྱི་ལུང་བྱང་དུ་གཏེར་སྟོན་རང་ཉིད་ཀྱང་ལུང་གིས་བསྟན་ཡོད། དེས་ན་ཨོ་རྒྱན་བཀའ་ཐང་དུ་ཀུན་མཁྱེན་དོལ་པོ་སངས་རྒྱས་ལུང་གིས་བསྟན་པ་ནི། དོན་ལ་སློབ་དཔོན་ཆེན་པོས་ལུང་གིས་བསྟན་པ་ཡིན་པར་ཤེས་བར་བྱའོ།།

དོལ་པོ་གྲུ་བཞི་ནི་བོད་ཀྱི་ལོ་རྒྱུས་ཐོག་མངའ་རིས་སྐོར་གསུམ་ནང་གི་སྤུ་རང་དང་། གློ་བོ། ཡ་རྩེ་འཛུམ་ལང་བཅས་ཀྱི་ཆབ་འབངས་སུ་གནས་མྱོང་། དུས་རབས་ ༡༠ ནས་ཡར་ཀླུང་རྒྱལ་རྒྱུད་ཀྱིས་མངའ་རིས་སྐོར་གསུམ་བདག་གིར་བཞེས་རྗེས་དོལ་ཕྱོགས་གྲུ་བཞི་ཡོངས་རྫོགས་སྤུ་རང་གི་རྒྱལ་པོ་བཀྲ་ཤིས་མགོན་གྱི་ཆབ་འབངས་སུ་གྱུར། དེ་རྗེས་དུས་རབས་ ༡༡ པར་དོལ་པོ་དང་གློ་བོ་གཉིས་ཡ་རྩེ་རྒྱལ་པོའི་མངའ་འོག་ཏུ་ཚུད། དུས་རབས་ ༡༣ པར་གུང་ཐང་གི་རྒྱལ་པོ་མགོན་པོ་ལྡེས་དོལ་པོ་དང་གློ་བོ་གཉིས་ཡ་རྩེ་རྒྱལ་པོའི་དབང་འོག་ནས་འཕྲོག་སྟེ། ལས་བརྒྱ་ཚོ་བཅུ་གསུམ་གྱི་ཁོངས་སུ་བཅུག་ཅིང་། དེ་རྗེས་ཁྲི་སྐོར་བཅུ་གསུམ་གྱི་ཁོངས་སུ་བཅུག་པར་གྲགས། དུས་རབས་ ༡༤ པར་གུང་ཐང་གི་རྒྱལ་པོ་བསོད་ནམས་ལྡེས་སྤུ་རང་དབང་དུ་སྡུད་སྐབས་དམག་དཔོན་ཁྲི་པ་བྱིར་མའི་གཅུང་པོ་ཆོས་སྐྱོང་འབུམ་གྱིས་མཛད་རྗེས་བཞག་པའི་བྱ་དགའ་རུ་ཁོང་ཉིད་དོལ་པོ་དང་གློ་བོའི་མི་དཔོན་དུ་བསྐོས། དུས་རབས་ ༡༥ ནང་དོལ་པོ་ར་ནག་རྒྱལ་པོ་ཟེར་བ་ཞིག་གིས་རྒྱུད་འཛིན་བྱས་མོད། མཐར་གློ་བོར་ཤོར་ཞིང་རྒྱལ་པོ་ཤར་ནུབ་གཉིས་(འཛུམ་ལང་རྒྱལ་པོ་དང་གློ་བོ་རྒྱལ་པོར་གོ)ཀྱི་འབངས་སུ་གྱུར།

དེ་རྗེས་ཕྱི་ལོ་ ༡༧༦༩ ལོར་གོར་ཁཱའི་རྒྱལ་པོ་(༡༧༢༣-༡༧༧༥)ཡམ་བུས་(ནཱ་རཱ་ཡན)རྒྱལ་སྲིད་བཟུང་དུས་དོལ་ཕྱོགས་གྲུ་བཞི་ཡོངས་རྫོགས་བལ་པོའི་དབང་འོག་ཏུ་བཅུག་པས། དེང་སྐབས་བལ་བོ་རྒྱལ་ཁབ་ཀྱི་ས་ཁོངས་སུ་གཏོགས་ལ། བལ་བོར་མངའ་སྡེ་བཅུ་བཞི་དང་། རྫོང་ཁག་དོན་ལྔ་ཡོད་པའི་ནང་གི་ཀརྞ་ལཱི་མངའ་སྡེ་(Karnali Province)དང་། དོལ་པ་རྫོང་(Dolpa District)གི་ཁོངས་སུ་གཏོགས་ཤིང་། བལ་བོ་རྒྱལ་ཁབ་ཀྱི་ནུབ་བྱང་མཚམས་དང་། བོད་ཀྱི་འབྲོང་པ་རྫོང་གི་མངའ་ཁུལ་ནག་ཆུ་དང་འདབ་འབྲེལ་དུ་ཡོད།

ཀརྞ་ལཱི་མངའ་སྡེ་དང་། དོལ་པ་རྫོང་གཉིས་བལ་ཡུལ་གྱི་མངའ་སྡེ་དང་རྫོང་ཆེ་ཤོས་གཉིས་ཡིན་ལ། རྫོང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ ༧༨༨༩ དང་། མཚོ་འཕགས་ ༣༥༠༠ ཙམ་ཡིན། དོལ་པོར་ཡུལ་སྡེ་ ༣༢ དང་མི་གྲངས་ ༩༠༠༠ མ་ཟིན་ཙམ་ཡོད། ས་ཁུལ་དེ་དག་ཏུ་གནའ་བོའི་ཆོས་རིག་གི་དྲི་བསུང་ཐུལ་བས་དེང་སྐབས་བོད་རིག་པའི་ཞིབ་མཇུག་པ་ཚོས་ཤངས་ཀྱི་འདབ་མ་དབང་མེད་དུ་གཡོ་སའི་ཡུལ་གྲུ་ཉམས་དགའ་བ་ཞིག་ཡིན། དེང་སྐབས་སྡེ་ཁག་གསུམ་དུ་བགོས་ཡོད། ཤེལ་ཕུག་སུམ་མདོ་གྲོང་སྡེ་དང་། ཚྭ་དགའ་གྲོང་སྡེ། དོལ་པོ་བུདྡྷ་(Dolpo Buddha)གྲོང་སྡེ་གསུམ་ཡིན་ཞིང་། སྐུའི་འཁྲུངས་ཡུལ་ཀ་ཡོ་རི་དོལ་པོ་བུདྡྷ་གྲོང་སྡེའི་ཁུངས་སུ་གཏོགས།

བན་ཚང་(Ban-Tshang)ཞེས་ཐོགས་དོན་ནི། སྡེ་བ་དེར་བན་བོན་གཉིས་ལས་བན་ལུགས་འཛིན་པ་མང་པོ་འདུས་སྡོད་བྱས་ཡོད་པས་བོན་ཕྱོགས་ནས་བན་ཚང་ཞེས་འབོད། གནས་ཆེན་ཀ་ཡོ་རི་ནི་དོལ་པོ་བན་ཚང་གི་ཤིང་སྨིན་(Shimen)སྡེ་བར་ཡོད་ལ། ད་ལྟའི་ཆར་ཡང་དོལ་པོའི་ཡུལ་མི་རྣམས་ཀྱིས་ཀ་ཡོ་རི་ཞེས་འབོད་ཅིང་གནས་ཆེན་དུ་བརྩི། ད་ལྟ་ཡང་གནས་སྐོར་བྱེད་མཁན་ཡང་རྒྱུན་ཆད་མེད་པར་གྲགས། འཁྲུངས་གཞིས་སུ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་ཕྱག་བཏབ་པའི་སྤུ་དགོན་པ་དང་། སྐུ་གཟུགས་མཆོད་རྟེན་ཞུ་བའི་བྱིན་རླབས་ཅན་ཞིག་ཀྱང་ད་ལྟ་མཇལ་རྒྱུ་ཡོད།

དུས་སྐབས་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་མཚོན་ན། མཁས་དབང་ཆེས་མང་དུ་བཞུགས་པའི་དུས་སྐབས་ཤིག་དང་། ས་སྐྱའི་དཔོན་ཆེན་ཨག་ལེན་གྱིས་དམག་དཔོན་བྱས་པའི་དབུས་གཙང་གཉིས་ཀྱི་དམག་དཔུང་གིས་འབྲི་གུང་ལ་དཔུང་འཇུག་བྱས་ནས། འབྲི་གུང་ཐེལ་གྱི་ལྷ་ཁང་ཆེན་མོ་མེར་བསྲེགས། སྐྱ་སེར་བསྡོམས་པས་མི་གྲངས་ཁྲི་གཅིག་ཙམ་གྱི་ཚེ་སྲོག་ཤོར་ཞིང་། ཕག་གྲུར་ཁྲིམས་འཁྱོག་དང་སྡང་ཟུག་ཆེན་པོ་བྱེད་བཞིན་པའི་སྒང་དང་། ཕྱོགས་གཅིག་ནས་ས་སྐྱའི་སྲིད་དབང་ཉམས་རྒུད་དུ་ཕྱིན་ཐོག རིགས་སྲས་རྣམས་ཀྱིས་རང་རང་གི་བདག་མོའི་ཕྱོགས་འཛིན་བྱས་རྐྱེན། གདུང་རྒྱུད་ནང་ཁུལ་དུ་རྣོ་ངར་ཅན་གྱི་འགལ་ཟླ་བྱུང་ནས་མཐར་བླ་བྲང་ཁག་བཞིར་གྱེས་ཤིང་། སྲིད་དབང་གི་མཇུག་མ་བསྡུས་ཙམ་སྟེ། ཁྲི་དཔོན་བཅུ་གསུམ་ལས་ལ་སྟོད་བྱང་བདག་ཁྲི་དཔོན་བཞི་བ་སི་ཏུ་རྡོ་རྗེ་མགོན་པོའི་(༡༢༩༨-༡༣༤༤)དུས་སྐབས་དང་ཁེལ་འདུག་ལ། ཁོང་གི་སྐུ་ཚེའི་སྨད་ཙམ་ལ་ཕག་གྲུས་(༡༣༥༤)བོད་ཀྱི་སྲིད་དབང་བཟུང་། འདི་དག་ཞོར་འཕྲོས་སོ།།

སྨྲ་ཤེས་ཙམ་ནས་མ་ཎི་སོགས་གཟུངས་སྔགས་དུ་མ་ཐུགས་ཐོག་ནས་འདོན། ཡབ་ཡུམ་གྱི་དྲུང་ནས་དབྱངས་གསལ་སྦྱོར་ཀློག་དང་ཡིག་བྲིས་སོགས་མཐར་ཕྱིན་པ་བསླབས། དགུང་ལོ་གསུམ་ལ་ཕེབས་སྐབས། སྐུ་ཞང་བླ་མ་སྐྱི་སྟེངས་པ་ཆེན་པོས་མཚན་ཤེས་རབ་མགོན་དུ་བཏགས། དགུང་ལོ་དྲུག་ལ་ཕེབས་སྐབས་ཁོང་གི་མདུན་ནས་འཇམ་དཔལ་དབང་མོ་ཆེ་ཞུས་ཤིང་སྒྲུབ་པ་མཛད་པས། འཇམ་དབྱངས་དམར་པོ་དངོས་སུ་མཇལ་ཞིང་པོ་ཏིའི་ཆར་བབ་པའི་གཟིགས་སྣང་བྱུང་།

དགུང་ལོ་བཅུ་(༡༣༠༡)བར་ཡབ་ཡུམ་གྱི་ཞལ་བཀོད་ལྟར་གསང་སྔགས་རྙིང་མའི་མཁས་ཆེན་བྱང་ཆུབ་སེངྒེ་དང་། དེའི་ཐུགས་སྲས་སྟག་ཤམ་པ་ཚུལ་ཁྲིམས་བཟང་པོ་གཉིས་ལས་ཡང་དག་སོགས་སྔ་འགྱུར་རྙིང་མའི་ཆོས་སྐོར་མང་དུ་གསན་ཞིང་ཟབ་དོན་དུ་མ་ཐུགས་སུ་ཆུད། ཞོར་དུ་ཐུན་མོང་རིག་གནས་ཁག་ལ་ཡང་གསན་སྦྱོང་མཛད། སྟག་ཤམ་པའི་སྒྲུབ་གྲྭའི་ཤུལ་ད་ལྟའི་ཆར་ཡང་ཀ་ཡོ་རིའི་ངོས་སུ་མཇལ་རྒྱུ་ཡོད་ལ། སྒྲུབ་གྲྭའི་ཤུལ་དེ་དོལ་པོ་སངས་རྒྱས་ཀྱིས་རྩམ་པ་གཡར་སའི་གནས་རེད་ཅེས་དོལ་པོའི་ཡུལ་མི་ཚོར་བཤད་སྲོལ་ཡང་འདུག

སྔ་མོ་ནས་རབ་ཏུ་འབྱུང་བར་དགོངས་ཀྱང་ཡབ་ཡུམ་གྱིས་ཁྱིམ་འཛིན་བྱེད་དགོས་གསུངས་པས་རེ་ཞིག་ཁྱིམ་དུ་བཞུགས། བཅུ་གཅིག་པ་ལ་གསང་སྟབས་ཀྱིས་སྐྱི་སྟེངས་དགོན་(དོལ་པོར་ཡོད།)དུ་ཕེབས། མཁན་པོ་སྐྱི་སྟོན་ཚུལ་ཁྲིམས་སྙིང་པོ་དང་། སློབ་དཔོན་ཟེ་ཕུག་པ་ལས་རབ་ཏུ་བྱུང་། མཚན་ཤེས་རབ་རྒྱལ་མཚན་དཔལ་བཟང་བོར་གསོལ། མཁན་པོའི་མདུན་ནས་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལྔ་བཅུ་བ་དང་། འཇམ་དཔལ་གསང་ལྡན་གྱི་དབང་དང་བྱང་ཆུབ་སེམས་སྡོམ་སོགས་མནོས། དགུང་གྲངས་བཅུ་བདུན་ཐོག་སྐྱི་སྟོན་འཇམ་དབྱངས་གྲགས་པ་རྒྱལ་མཚན་ཡ་རྩེར་ཕེབས་ཞོར་སྐྱི་སྟེངས་དགོན་དུ་བྱོན་སྐབས། ཚད་བསྡུས་དང་། ཕྲེང་བ་སྐོར་གསུམ། རྡོ་རྗེ་ཕྲེང་བའི་གར་ཐིག་སོགས་བསླབས་པས་ཚེགས་མེད་དུ་མཁྱེན། མཁས་གྲུབ་ཆེན་པོ་ཞིག་འོང་བར་འདུག་གསུངས་ནས་ཤིན་ཏུ་དགྱེས།

གཉིས། སློབ་གཉེར་གྱི་བཞུད་ལམ།

དགུང་གྲངས་བཅོ་བརྒྱད་ཐོག་སླར་ཡང་སྐྱི་སྟེངས་དགོན་དུ་ཕེབས་སྐབས། བླ་མ་སྐྱི་སྟོན་པ་ཡ་རྩེ་རྒྱལ་པོའི་བླ་མར་བྱོན་ནས་ཕྱིར་གློ་བོར་ཕེབས་པ་གསན་པས། གློ་བོ་བསམ་རྫོང་དུ་འགྲོ་བའི་འགྲུལ་བ་སྐོར་ཞིག་ལ་ཤོག་བུ་ཆག་པ་གཅིག་བསྐུར། ཕྱིར་ཁྱིམ་དུ་ཕེབས་ནས་མཁན་པོས་ཡུལ་གཞན་དུ་མངགས་ཚུལ་གྱིས་སྟག་ཤམ་པའི་ཉེ་གནས་ལ་རྩམ་པ་བྲེ་ལྔ་བསྐྱིས། དར་ཡུག་འགའ་ཞིག་དང་། ཟངས་ཆེ་བ་ཅིག་བསྣམས་ནས་གཅིག་པུར་འགྲུལ་བ་དེ་དག་གི་རྗེས་བསྙེགས། གློ་བོ་ལ་དབྱིན་སྐད་དུ་(Mustang)ཟེར། བལ་བོར་རྫོང་དོན་ལྔ་ཡོད་པའི་ཁོངས་ཀྱི་གཅིག་ཡིན། བསམ་རྫོང་(Jomsom)ངམ་དེང་སང་རྫོང་གསམ་(རྫོང་གསར་བ།)པར་འབོད། གློ་བོ་རྫོང་གི་ལྟེ་གནས་ཡིན་ལ། གློ་བོ་སྨད་ཀྱི་ཆར་གཏོགས་ཤིང་། སྙེ་ཤང་དང་དོལ་པོ་གཉིས་ཀྱི་བྱང་ཤར་ཕྱོགས་སུ་ཡོད།

དོལ་པོ་ནས་གློ་བསམ་རྫོང་བར་ལམ་ཐག་རིང་ཁར་ཕེབས་ལམ་མི་བདེ་བ་མ་ཟད། ལམ་དུ་འབྲོག་ཁྱིས་ཞབས་ལ་རྨུགས་པ་དང་། ད་དུང་སྤྱང་ཁུས་མི་བཟས་པའི་གནས་ཚུལ་ཡང་གསན་པས་འཇིགས་སྣང་གིས་མཚན་མོར་རྩྭ་ཕུང་དང་། ཤིང་གསེབ་སོགས་སུ་གཟིམ་སྐབས་མདུན་དུ་རྡོ་སྤུངས་བརྒྱབས་ནས་སྦྱང་ཁུར་རྒོལ་འཛིང་གི་སྟ་གོན་གནང་བ་སོགས་འོ་བརྒྱལ་མང་དུ་མྱང་ཡང་ཡབ་ཡུམ་གྱི་བཀའ་བཅག་པའི་ལན་དགོངས་ནས། ཡབ་ཡུམ་གྱི་ཕྱོགས་སུ་ཕྱག་འཚལ་ཏེ་མཐོལ་བཤགས་ཕུལ། ཉིན་མཚན་དྲུག་གི་རྗེས་འགྲུལ་བ་དེ་དག་གི་རྗེས་ཆོད་ནས་མཉམ་པོར་བསམ་རྫོང་དུ་ཕེབས། བླ་མ་སྐྱི་སྟོན་པའི་དྲུང་དུ་ཚད་བསྡུས་སོགས་ལ་ཐུགས་གཉེར་མཛད་པས་ཚེགས་མེད་དུ་མཁྱེན། སྐྱི་སྟོན་པ་ས་སྐྱར་ཕེབས་རྗེས་ལོ་གཉིས་ཙམ་རིང་སློབ་དཔོན་ཤེར་བཟང་བ་དང་། གཞོན་བཟང་བ་གཉིས་ལས་རྣམ་ངེས་སོགས་ལ་སྦྱང་བརྩོན་མཛད།

དགུང་ལོ་ཉེར་གཅིག་(༡༣༡༢)ཐོག་བླ་མ་སྐྱི་སྟོན་པ་ཆེན་པོས་ས་སྐྱར་ཤོག་གསུངས་པ་ལྟར་དེར་ཕེབས། ཁོང་གི་དྲུང་ནས་ཕར་ཚད་མངོན་གསུམ་དུས་གཅིག་ལ་བསླབས། གྲོགས་རྣམས་ཀྱིས་གཅིག་ལ་དྲིལ་བ་འཐད་ཟེར་ཡང་། མ་གསན་པར་ད་དུང་དེའི་སྟེང་དུ་སྤྱོད་འཇུག་དང་། སངས་རྒྱས་ཐོད་པ། རྡོ་རྗེ་ཕྲེང་བའི་རྒྱུད་རྣམས་བསྣན་ནས་ཆིག་སྒྲིལ་མཛད་ཅིང་། ཐུགས་བརྩོན་ཆེན་པོས་སློབ་གཉེར་གནང་ཐོག གཞུང་རེ་རེར་གསར་བཤད་མཛད་པས་མཁས་གྲགས་ཤིན་ཏུ་ཆེ་བ་བྱུང་།

གཞན་ཡང་བདག་ཉིད་བཟང་པོ་དཔལ་དང་། ཏི་ཤཱི་ཀུན་བློ། མཁན་པོ་བློ་གྲོས་བསྟན་པ། སྟེང་ཆེན་པ་འོད་མཛེས། ཤཱཀྱ་འབུམ། ཤར་བ་སེང་གེ་དཔལ་རྣམས་ཀྱི་དྲུང་ནས་ཕར་ཚད་མངོན་གསུམ་དང་། སློབ་དཔོན་རིན་ཡེའི་དྲུང་དུ་རྡེའུའི་བཅུད་ལེན་སོགས་ཁ་ཟས་རྒྱུན་གཅོད་ཀྱི་གདམས་ངག་སྤྱོད་བཞིན་དུ། བླ་མ་སྐྱི་སྟོན་པའི་མདུན་ནས་དབང་རྗེས་གནང་དང་། བཤད་ཁྲིད་མན་ངག རིགས་གཏེར། བརྟག་གཉིས། ཀླུ་སྒྲུབ་ཀྱི་རིགས་ཚོགས་དང་བསྟོད་ཚོགས། བྱམས་ཆོས་སྡེ་ལྔ་སོགས་ལ་ལོ་ཕྱེད་དང་གཉིས་རིང་གསན་བསམ་མཐར་ཕྱིན་པ་གནང་། བཤད་གསར་མཛད་པས་སྔར་ལས་ལྷག་པའི་མཚན་སྙན་རྒྱས། བཀའ་རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་རྣམས་ཡུད་ཙམ་གསན་པས་ཐམས་ཅད་ཐུགས་སུ་ཆུད། གླིང་སྟོན་ཤཱཀྱ་གཞོན་ནུ་དང་། གུང་ཐང་པ་དོན་འགྲུབ། བླ་མ་རྒྱ་སྟོན་བསོད་ནམས་རིན་ཆེན། གནས་རྙིང་དཀའ་བཞི་པ། ཞ་ལུ་བ་བྱང་སྟོན། ཁྲོ་ཕུ་བ་རིན་ཐིགས་པ། བླ་མ་ཆོས་པ། ཟུར་ཆོས་པ་ལ་སོགས་མཁས་པ་བརྒྱ་ཕྲག་མང་པོ་དང༌བགྲོ་གླེང་མཛད་ཅིང་། ལུང་རིགས་ཀྱིས་ཕམ་པར་མཛད་པས་མཁས་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ།

དགུང་གྲངས་ཉེར་གསུམ་ཐོག་ས་སྐྱའི་དཔྱིད་ཆོས་སྐབས་ཚོགས་ཆེན་ཤར་སྒོའི་སྟེང་ནས་ཟླ་བ་གཉིས་རིང་། བླ་མ་དགེ་བཤེས་འདུས་ཚོགས་སྟོང་ཕྲག་ཙམ་ལ་སྔ་དྲོ་ཕར་མངོན་གཉིས། ཕྱི་དྲོ་རྣམ་ངེས་བསྡུས་པ་གཉིས་བཅས་ཀྱི་བཤད་སྟོན་མཛད་པས། ཀུན་གྱིས་དེ་སྔོན་ལོ་རྒྱུས་ཐོག་དེ་འདྲའི་བཤད་སྟོན་མཛད་མཁན་བྱུང་མྱོང་མེད། སྤྲུལ་བའི་སྐུ་གཅིག་རེད་ཅེས་ངོ་མཚར་བའི་ཚུལ་གྱིས་བསྒྲགས་ཤིང་། དུང་དཀར་ཆ་ལྔ། འཁར་རྔ་གསུམ། ཆོས་གོས་གཅིག རྨ་བྱའི་གདུགས་གསུམ། མཎྜལ་དང་བཅས་བཤད་སྟོན་གྱི་མཆོད་པ་རྒྱ་ཆེན་པོ་བཤམ།

དགུང་གྲངས་ཉེར་བཞིའི་ཐོག་(༡༣༡༥)ཚོང་འདུས་མགུར་མོར་ཆོས་ལུང་མཁན་ཆེན་བསོད་གྲགས་པས་མཁན་པོ། མཆོག་སྦྱིན་དཔལ་གྱིས་ལས་སློབ། མཁན་ཆེན་བསོད་བཟང་བས་གསང་སྟོན་མཛད་ནས་ཇོ་གདན་ཚོགས་པའི་དབུས་སུ་བསྙེན་པར་རྫོགས་ཤིང་། ངེས་འབྱུང་དང་སྙིང་རྗེས་ཐུགས་རྒྱུད་བསྐུལ་ཏེ་སྐུ་ཚེ་གང་བོར་བསད་ཤ་མི་གསོལ་བའི་དམ་བཅའ་མཛད། མཁན་པོ་ལས་མདོ་རྩ་བ་དང་། ལས་སློབ་ལས་སོ་ཐར་གསན། ཚུལ་ཁྲིམས་ཀྱི་དྲི་ཡིས་ཁོར་ཡུག་ཁྱབ་ཅིང་། སྐུ་བཙུན་པའི་མཐར་ཐུག་པར་བཞུགས། སོ་ཐར་སྡོམ་ལྡན་ཀུན་གྱི་མཆོག་ཏུ་གྱུར།

གསུམ། གངས་ལྗོངས་ཀྱི་ཀུན་མཁྱེན།

དགུངས་གྲངས་ཉེར་ལྔའི་(༡༣༡༦)ཐོག་སླར་ཡང་ས་སྐྱར་ཕེབས། ཀུན་སྤངས་གྲགས་རྒྱལ་ལ་དུས་འཁོར་རྭ་ལུགས་སོགས་རྒྱུད་སྡེ་མང་པོའི་བཤད་པ་དང་། ཚད་མ་སྡེ་བདུན། བྱམས་ཆོས་སྡེ་ལྔ། བྲ་ཀ་ར་ཎ་སྡེ་བརྒྱད་སོགས་གཞུང་ལུགས་མང་པོ། སླར་ཡང་སྐྱི་སྟོན་པའི་དྲུང་དུ་མངོན་པ་དང་། ཕྲེང་བ་ཞེ་གཉིས་མ། ཉེར་བརྒྱད་མ། དུས་འཁོར་བདེ་དགྱེས་གསང་གསུམ། སྒྱུ་ཐོད་གདན་གསུམ། དམར་ནག་འཇིགས་གསུམ། དཔལ་རྩེ་དབྱིངས་གསུམ་ལ་སོགས་པའི་དབང་རྗེས་གནང་ཉིས་བརྒྱ་བཅུ་བཞི་རྣམས་དཀྱུས་ཐོག་གཅིག་ལ་གསན་ཞིང་། ལུང་སྡེ་བཞི། ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ། མདོ་མང་། ཕལ་དཀོན། རྒྱུད་འབུམ་སོགས་མདོ་རྒྱུད་བསྟན་བཅོས་མན་ངག་མཐའ་ཡས་པ་གསན། རྣལ་འབྱོར་བ་ཤཱག་འབུམ་ལས་ཞི་བྱེད་དང་གཅོད། རྫོགས་ཆེན་སྙན་བརྒྱུད་སོགས་དང་། བསམ་སྡིངས་པ་མཁས་གྲུབ་མཚན་ཅན་ལས་ཕྱག་ཆེན་གའུ་མའི་སྐོར་སོགས་གསན་ཞིང་། བོད་གངས་རིའི་ལྗོངས་སུ་འགྱུར་རོ་ཅོག་སྟེ་བཀའ་བསྟན་གཉིས་ཀར་ཞིབ་གཟིགས་མཛད་པས། དོན་ཀུན་མ་ལུས་མ་འདྲེས་པར་ཐུགས་སུ་ཆུད།

དབུས་གཙང་གི་གྲྭ་ས་ཕལ་མོ་ཆེར་གྲྭ་སྐོར་མཛད་པས། མཁྱེན་རབ་ཀྱི་རྩལ་དང༌། རིགས་པའི་རྣམ་འགྱུར་བཟང་ཞིང༌། ཤེར་ཕྱིན་འབུམ་པ་སོགས་མདོ་སྡེ་དུ་མའི་ཚིག་དོན་མཐའ་དག་ཐུགས་ལ་བྱང་བར་བཞུགས་པ་དང༌། གཞུང་ཆེ་ཆུང་གང་ལ་ཡང་ཐོགས་པ་མེད་པར་མཁྱེན་པ་རྒྱས། འཇམ་དབྱངས་ཤཱཀ་གཞོན་དང་། བཙན་དགོན་པ་བ། དོན་གྲུབ་དཔལ། རྒྱ་སྟོན་སོགས་སྐབས་དེར་བོད་དབུས་གཙང་གཉིས་སུ་ས་གྲགས་གནམ་གྲགས་ཀྱི་མཁས་པ་རྣམས་རིགས་པས་བཏུལ་ཞིང་རྩོད་བྲལ་དུ་གྱུར། ཐམས་ཅད་ཀྱིས་ཀུན་མཁྱེན་རང་དུ་འདུག་ཅེས་བསྔགས་བརྗོད་བྱས་པས། “ཀུན་མཁྱེན་”ཞེས་པའི་མཚན་གྱི་སྙན་པ་སྲིད་ཞིའི་ཁོངས་ལས་ཡོངས་སུ་བརྒལ།

སྤྱིར་བཏང་བོད་དུ་ཀུན་མཁྱེན་ཞེས་གྲགས་པ་མང་དུ་ཡོད་མོད། དོན་ངོ་མར་མཚན་དོན་མཚུངས་པའི་ཀུན་མཁྱེན་སུ་ཡིན་ཐད། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་ནམ་ཐུབ་བསྟན་ལེགས་བཤད་བཟང་པོའི་རྣམ་ཐར་[8]དུ། “དམུ་རྗེ་ཉག་མན་ཆད་དང་། དར་མདོ་ཡན་ཆད་དུ་སྐབས་དེར་ཁོང་གི་སློབ་མ་དང་ཡང་སློབ་ཏུ་མ་གྱུར་བ་ཕལ་ཆེར་མེད་པར་སྣང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཆ་ལག་དང་བཅས་པའི་དབང་ལུང་ཁྲིད་གསུམ་ལ་གསན་རྒྱ་ཆེ་བར་གྲགས་ལ། ཁྱད་པར་ཇོ་ནང་བའི་ལུགས་ལ་གཙིགས་ཆེན་འཛིན་པ་ཞིག་ཡིན་པ་འདྲ། ཉིན་གཅིག་བླ་མའི་མདུན་ན་དགེ་བའི་བཤེས་གཉེན་མང་པོ་ཞིག་བགྲོ་གླེང་བྱེད་སྐབས་ཤིག་ལ། ཀུན་མཁྱེན་ཞེས་པའི་ཐ་སྙད་ལ་དཔྱད་པ་བྱེད་སྐབས་བླ་མའི་ཞལ་ནས། གྲུབ་མཐའ་རང་རང་ལ་ཀུན་མཁྱེན་ཞེས་མཚན་བཏགས་པ་རེ་ཡོད་ཀྱང་། དངོས་གནས་ཀུན་མཁྱེན་ཡོངས་གྲགས་ཡིན་ཅི་ཤེས། ཅེས་གསུངས། ཡང་དྲིས་པ། དེ་ན་ཡོངས་སུ་གྲགས་པའི་ཀུན་མཁྱེན་ཡོད་པ་ཨི་རེད། རྒྱ་གར་རམ་བོད་གང་ན་ཡོད་རྒྱུ་རེད་ཅེས་ཞུས་པར། དེང་སང་བོད་ན་ཀུན་གྱིས་ལྷ་རུབ་ཀླུ་རུབ་བྱེད་ཀྱིན་འདུག་མོད། དོན་དངོས་སུ་ཡོངས་གྲགས་ཀྱི་ཀུན་མཁྱེན་ནི་མཉམ་མེད་དོལ་བུ་པ་ཤེས་རབ་རྒྱལ་མཚན་ཡིན་པ་འདྲ་ཞེས་གསུངས་འདུག་པ་ལས་ཤེས་སོ།།” ཞེས་གསུངས་པ་བཞིན། དོལ་པོ་ཤེས་རབ་རྒྱལ་མཚན་ལ་སངས་རྒྱས་ཞེས་མཚན་དངོས་སུ་ཐོག་དོན་ནི། བསྟན་པའི་བདག་པོ་སྟོན་པ་ཤཱཀྱ་སེང་གེས། “ཀ་ཡོ་རི་ཞེས་བྱ་བའི་རིགས་རྒྱུད་དེར་སྐྱེས་ནས་ངའི་མིང་འཆང་བའི་དགེ་སློང་ཞིག་ཏུ་གྱུར་ཏེ།” ཞེས་གསུངས་པ་ལྟར། དོལ་པོ་སངས་རྒྱས་ཞེས་ཡོངས་སུ་གྲགས་ཤིང་། ད་ལྟའི་ཆར་བལ་བོ་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་ཡང་། ཁོང་གི་འཁྲུངས་ཡུལ་ལ་དོལ་པོ་སངས་རྒྱས་གྲོང་སྡེ་སྟེ་ Dolpo Buddha ཞེས་བཏགས་ཡོད།

དགུང་གྲངས་ཉེར་དྲུག་ཐོག་སྐུའི་འཁྲུངས་ཡུལ་དུ་ཕེབས་ཁར། ཁོང་གི་ཆོས་གྲོགས་དགེ་བཤེས་འགས། ཁྱེད་ཀྱི་ཕ་ཡུལ་གང་དུ་ཡོད་སོགས་དྲིས་པས། ཁོང་གི་ཞལ་ནས། ངའི་ཕ་ཡུལ་དོལ་པོ་ཡིན། དེ་ན་དངུལ་གྱི་རི་ལ་དུང་གི་ཕྲ་བཏབ་པ། ལྕགས་ཀྱི་རི་ལ་དུང་གི་མདས་བརྒྱན་པ། ཆུ་ལ་ཤེལ་གྱི་ཟམ་པ། ཞིང་འདེབས་སྟངས་རིང་མོ་མགོ་ནས་བལྟས་ན་མཇུག་མི་མཐོང་བ། གསེར་གྱི་ཟན་ལ་གཡུ་ཡི་སྤགས་མ། ཀ་བ་ར་མ་བརྒྱ་སྐོར་སོགས་ཡོད་ཅེས་གསུངས་པས། ཁོང་ཚོ་ཡ་མཚན་ཏེ། དེས་ན་ང་ཚོ་ཁྲིད་རོགས་ཞེས་མཉམ་དུ་ཕེབས།

དོལ་པོར་འབྱོར་སྐབས་ཆོས་གྲོགས་རྣམས་ཀྱིས། སྔར་ཁྱེད་ཀྱིས་གསུངས་པའི་དངུལ་གྱི་རི་ལ་དུང་གི་ཕྲ་བཏབ་པ་སོགས་གང་གང་རེད་ཅེས་དྲིས་པའི་ཚེ། ཁོང་གིས་ཀ་ཡོ་རིར་ཕྱག་མཛུབ་བཙུགས་ཏེ། དངུལ་གྱི་རི་ལ་དུང་གི་ཕྲ་བཏབ་པ་དང་། ལྕགས་ཀྱི་རི་ལ་དུང་གི་མདས་བརྒྱན་པ་འདི་དང་འདི་རེད་ཅེས་གསུངས་ཤིང་། དེ་བཞིན་ཟླ་ཚེས་ལྟ་བུའི་ས་ཞིང་དང་། དགུན་ཁར་ཤེལ་དཀར་གྱི་ན་བཟས་བཀླུབས་པའི་འབབ་ཆུ་མཛེས་འབྱོར། དོལ་པོའི་ཡུལ་མིའི་རྒྱུན་ཟས་པྲ་བོས་བཟོས་པའི་བག་ལེབ་དང་དེའི་སྤགས་མ་ཛྭ་ཚོད་ཚེར་ལྡན། ར་མས་ཀ་བར་སྐོར་བ་བྱེད་པ་སོགས་རེད་ཅེས་བཞད་མོ་དང་བཅས་གསུངས་པས། ཆོས་གྲོགས་རྣམས་ཁོང་གི་ཞལ་རྩེད་དང་སྦྲགས་ཡུལ་ལུང་ངོ་སྤྲོད་གནང་བར་ཐུགས་དགྱེས་ཏེ། གད་མོ་ཤོར་ནས་མཚམས་འཇོག་མི་ཐུབ་པ་བྱུང་བ་སོགས་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་གཏམ་རྒྱུད་སྙན་ལ་རིང་བ་མང་དུ་ཡོད་ཀྱང་རེ་ཞིག་དེ་ཙམ་མོ།།

ལོ་གཅིག་རིང་ཡབ་ཡུམ་སོགས་དང་ལྷན་དུ་བཞུགས། སྔོན་བཀའ་བཅག་ནས་དབུས་གཙང་དུ་ཕེབས་པ་ལ་བཟོད་གསོལ་ཞུས་ཤིང་། ཡབ་ཀྱི་ཐུགས་དགོངས་དྭངས་ཕྱིར་བཀའ་བསྟན་བཞེངས། ཐུགས་མི་དགྱེས་པ་མེད་པར་མཛད། ཡུལ་མིའི་རེ་འདུན་ལྟར་ཀ་ཡོ་རིའི་མདུན་ཐད་དུ་སྤུ་དགོན་པ་(Dolpo Pu Monastery)དང་། སྐུ་གཟུགས་མཆོད་རྟེན་བཞེངས་ཤིང་རབ་གནས་ཀྱང་མཛད། དགོན་པ་དང་མཆོད་རྟེན་དེང་སང་ཡང་མ་འཇིག་པར་མཇལ་རྒྱུ་ཡོད།

དེ་ཡང་འཕགས་པ་སྤྲིན་ཆེན་པོའི་མདོ་[9]ལས། “བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་དགེ་སློང་དེ་ལུང་བསྟན་པ་ཉོན་ཅིག །དེ་ནི་ང་ལ་དཔེན་པ་དང་། ངའི་བསྟན་པ་འབྱུང་བར་བྱེད་ཅིང་ཁུར་ཆེན་པོ་ཁྱེར་བ་དང་། ངའི་ཤཱཀྱ་གཞོན་ནུ་ཡིན་ཏེ། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ང་འདས་པའི་འོག་ཏུ་ལྷོ་ཕྱོགས་ཀྱི་རྒྱུད་དུ་དྲང་སྲོང་བྱི་བོ་ཞེས་བྱ་བའི་ཡུལ་འཁོར་དུ་བསོད་ནམས་ཀྱི་གྲོང་ཁྱེར་བྱེ་མ་ཆེན་པོ་ཞེས་བྱ་བ་འབྱུང་སྟེ། གྲོང་དེའི་འབབ་ཆུ་མཛེས་འབྱོར་ཅེས་བྱ་བ་དེའི་བྱང་ཕྱོགས་ཀྱི་འགྲམ་དུ་འབྱུང་བར་འགྱུར་རོ། །དེར་རྗེའུ་རིགས་ཆེན་པོ་རྣམ་པར་དག་པ་འབྲ་གོ་ཅན་ཞེས་བྱ་བའི་སའི་ཕྱོགས་སུ་འབྱུང་བར་འགྱུར་ཏེ། ཤཱཀྱའི་རིགས་གཞོན་ནུ་ལིད་ཙ་བཱིའི་བུ་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་ངའི་ཆོས་འབྱུང་བར་བྱ་བའི་ཕྱིར་ལིད་ཙ་བཱིའི་བུ་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་བྱང་ཆུབ་སེམས་དཔའ་མི་མཆོག་དེ་དེར་རིགས་ཆེན་པོར་སྐྱེ་བར་འགྱུར་ཏེ། དེའི་ཕ་མ་དང་གཉེན་སྡེ་རྣམས་ཀྱིས་ངའི་མིང་དེའི་མིང་དུ་འདོགས་པར་འགྱུར་རོ།།” ཞེས་གསུངས་པ་ཇི་ལྟ་བ་བཞིན། ཁོང་གི་ཡབ་ཡུམ་དང་། གཉེན་ཉེ་སོགས་དོལ་པོའི་ཡུལ་མི་རྣམས་ཀྱིས། “སྟག་ཤམ་བྲག་གི་སྐེད་ལ།། ལྷ་ཤིང་ཤུག་པ་སྐྱེས་སོང་།། ཀུན་མཁྱེན་དོལ་པོ་སངས་རྒྱས།། འགྲོ་བའི་དོན་ལ་བྱོན་སོང་།།”ཞེས་བསྟོད་གླུ་བླངས་བས། ཡུལ་ཕྱོགས་ཀུན་ཏུ་དོལ་པོ་སངས་རྒྱས་ཞེས་ཡོངས་སུ་གྲགས།

དགུང་ལོ་ཉེར་བརྒྱད་ཐོག་སྒར་དང་བཅས་ས་སྐྱ་ནས་སྙེ་ཐང་བདེ་བ་ཅན་(རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་གདན་ས།)དུ་ཕེབས། ཀུན་མཁྱེན་ཞེས་པའི་མཚན་གྱི་སྙན་པ་ཐོས་ཏེ་ཕྱོགས་སོ་སོ་ནས་མཁས་པའི་སྐྱེས་བུ་མང་པོ་དང༌། ལྷག་པར་དུ་དབུས་གཙང་གཉིས་ནས་དགེ་འདུན་པ་མང་དུ་འདུས་པ་ལ། བྱམས་ཆོས་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་སོགས་གསུངས། དེ་དུས་འབྲི་གུང་ལོ་ཙཱ་མ་ཎི་ཀ་ཤྲི་(༡༢༩༩-༡༣༧༣)གྱིས་མཇལ་ཁ་དང་བྱིན་རླབས་ཞུས། ཐོག་མར་གསུང་གླེང་མཛད་པས་ཉི་མའི་དྲུང་ནས་ཁོང་སྲིན་བུ་ཙམ་དུ་གྱུར་པས། ཆོས་འབྲེལ་ཞུས་ཤིང་ཕྱིས་སུ་ཇོ་ནང་དུ་ཕེབས་ནས་དུས་འཁོར་རྒྱུད་འགྲེལ་སོགས་ཟབ་ཆོས་དཔག་མེད་གསན་དེ་རྩ་བའི་བུ་ཆེན་དུ་གྱུར།

དགུང་ལོ་ཉེར་དགུའི་(༡༣༢༠)ཐོག་ས་སྐྱའི་གདན་ས་མཛད་ནས་དབྱར་ཆོས་དགུན་ཆོས་སུ་དཀའ་ཆེན་བཞི་སོགས་པོ་ཏི་ལྔ་དྲུག་རེ་སྦྲེལ་ནས་གསུངས། དུང་ལུང་དུ་ཀྱེ་རྡོར་གྱི་སྒྲུབ་མཆོད་མཛད་པས་བུམ་ཆུ་ཁོལ། ཀྱེེ་རྡོར་ལྷ་དགུ་སོགས་ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས། མཁན་ཆེན་བསོད་གྲགས་པ་ལ་བློ་སྦྱོང་ཞུས་པས་བྱང་ཆུབ་ཀྱི་སེམས་ཐུགས་ལ་འབྱོངས།

དགུང་གྲངས་སུམ་ཅུའི་ཐོག་ཇོ་ནང་དཔལ་གྱི་རི་ཁྲོད་ཆེན་མོར་དར་འགྱེད་ཆེད་བྱོན་པས་སྒྲུབ་པ་བ་རྣམས་ཀྱི་སྒྲུབ་ཚུགས་ལ་སྤྱན་ཆབ་བསིལ་བའི་དད་པ་སྐྱེས། ཇོ་ནང་པའི་སྒོམ་ཆེན་རྣམས་ལ་ཉམས་མྱོང་ཁྱད་པར་ཅན་སྐྱེ་ཚུལ་གསན་པས། ད་གཟོད་འདིར་འོངས་ནས་སྒོམ་ཆིག་དྲིལ་ཅིག་བྱ་དགོས་དགོངས་པ་ཐུགས་ལ་འཁྲུངས། མཚུར་ཕུར་ཀརྨ་པ་རང་བྱུང་རྡོ་རྗེའི་དྲུང་དུ་རང་སྟོང་གི་ལྟ་བ་བཟུང་ནས་འབེལ་གཏམ་མཛད་པས། ཆོས་རྗེ་རང་བྱུང་བར་མངོན་ཤེས་བཟང་པོ་མངའ་བས། མ་འོངས་པ་ན་གཞན་སྟོང་དུ་འགྱུར་ཞེས་ལུང་བསྟན། འདི་སྐབས་ཤིག་ཏུ་བླ་མ་སེངྒེ་དཔལ་བས་བསྐུལ་ངོར་རྣམ་འགྲེལ་གྱི་ཊིཀྐ་མཛད་ཚུལ་ས་སྐྱའི་ཨ་མེས་ཀྱིས་དུས་འཁོར་ཆོས་འབྱུང་དུ་བཤད་ཀྱང་ད་བར་མ་མཇལ།

དགུང་གྲངས་སོ་གཅིག་ཐོག་(༡༣༢༢)དགེ་བཤེས་རིན་དཔལ་སོགས་འཁོར་དགེ་སློང་བརྒྱད་དང་བཅས་སླར་ཡང་ཇོ་ནང་རྒྱལ་བའི་རི་ཁྲོད་དུ་ཕེབས། མཁས་བཙུན་ཡོན་ཏན་རྒྱ་མཚོའི་(༡༢༦༠-༡༣༢༧)ཞབས་ལ་གཏུགས། དབང་དང་གདམས་པ་མང་པོ་དང་། ཁྱད་པར་དུ་དུས་ཀྱི་འཁོར་ལོའི་དབང་ཁྲིད་མན་ངག་ཡོངས་སུ་རྫོགས་པ་གསན། དམིགས་པ་ཞུ་བའི་སྐབས་མ་གཏོགས་སུ་དང་ཡང་མི་འཕྲད་པར་གཟིམས་ཁང་མཁའ་སྤྱོད་བདེ་ལྡན་ནམ་ཟུང་འཇུག་རྡོ་རྗེའི་རྫོང་དུ་བཞུགས། ཉམས་རྟོགས་ཀྱི་ཀློང་བརྡོལ། སྲོག་རྩོལ་མཐར་ཕྱིན་པའི་རྟགས་མཚན་རྒྱུད་ནས་གསུངས་པ་ཇི་ལྟ་བ་བཞིན་བྱུང་། མངོན་པར་མཁྱེན་པ་ཐོགས་མེད་དུ་མངའ་བ་དང་། སྲོག་ཐུར་འདྲེས་པའི་བདེ་ཉམས་འུར་ལངས་པ་སོགས་གྲུབ་པའི་མཚན་མ་བརྟན་པོ་བརྙེས། རྡོ་རྗེ་གདན་དང་། པདྨ་གདན་ཞེས་བྱ་བའི་སྒྲུབ་ཕུག་གཉིས་སུ་དམ་མཚམས་ལ་བཞུགས་སྐབས་འཛིན་པའི་ཉམས་རྟོགས་ཀྱང་མཐར་ཕྱིན།

ཀུན་མཁྱེན་ཆེན་པོ་ཇོ་ནང་དུ་ཕེབས་སྐབས། མཁས་བཙུན་ཡོན་ཏན་རྒྱ་མཚོའི་གཟིམ་ལམ་དུ། ཆོས་རྒྱལ་རིགས་ལྡན་པདྨ་དཀར་པོ་ལ་རྒྱན་དྲུག་མཆོག་གཉིས་ཀྱིས་བསྐོར་ཏེ་ཇོ་ནང་དུ་ཕེབས་ནས། ཆོས་ཀྱི་རྒྱལ་མཚན་འཕྱར་ཞིང་ཆོས་ཀྱི་དུང་བུས་པས་སྐྱེ་དགུ་མཐའ་དག་ཇོ་ནང་དུ་འདུས་པའི་མཚན་ལྟས་བཟང་པོ་བྱུང་བ་མ་ཟད། ཁོང་ཐོག་མར་ཇོ་མདའ་ནས་ཡར་ཕེབས་དུས་ནམ་མཁའ་ལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་རྫོགས་གཟིགས། དེ་ནས་བཟུང་ཡི་དམ་གྱི་ཞལ་གཟིགས་པ་ནི་གྲངས་ལས་འདས། འཕགས་པ་སྤྱན་རས་གཟིགས་དང་མི་ལབ་པ་བཞིན་དུ་གྱུར། གུར་མགོན་དང་རྣམ་སྲས་སོགས་ལུས་དང་གྲིབ་མ་བཞིན་དུ་འགྲོགས།

འཛུམ་ཆོས་ལུང་དུ་ཕེབས་ནས་འཛུམ་ཆོས་རྗེའི་དྲུང་ནས་ནཱ་རོ་ཆོས་དྲུག་དང་། རྫོགས་ཆེན་སོགས་གསན། ལྷ་སར་ཕེབས་ཅིང་སྨོན་ལམ་མཛད། བྲག་ཡེར་བར་ཐོག་གཅིག་ཐུགས་དམ་ལ་བཞུགས། ཕྱིས་སུ་དད་ལྡན་རྣམས་ཀྱིས་བཞེངས་པའི་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རྡོ་སྐུ་ད་ལྟ་ཡང་བྲག་ཡེར་བར་བཞུགས། ཕྱིར་ཇོ་ནང་དུ་ཕེབས་ཏེ་སྐྱིད་ཕུག་བདེ་ལྡན་དུ་བཞུགས་ནས་གསང་སྟབས་ཀྱིས་བྱང་བའི་གདུང་རྒྱུད་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ་(༡༢༨༣-༡༣༦༣)ལ་དུས་འཁོར་རྒྱུད་འགྲེལ་དང་། རྡོ་རྗེ་ཕྲེང་བའི་དབང་ཕྱག་ལེན། བྱམས་པའི་ཆོས་ལྔ་སོགས་ཞིབ་ཁྲིད་མཛད།

མཁས་བཙུན་ཆེན་པོས་བཀའ་ཕེབས་བཞིན། ལོ་གཉིས་རིང་ཇོ་ནང་གི་ཚོགས་པ་ལ་དབྱར་ཆོས་དང་དགུན་ཆོས་སུ་སྐྱེས་རབས་དང་། སྤྱོད་འཇུག བསླབ་བཏུས། དཀོན་བརྩེགས་རྣམས་དང་། ཀུན་སྤངས་ཆོས་གྲགས་དཔལ་སོགས་སློབ་ཚོགས་དགེ་བའི་བཤེས་གཉེན་ཉིས་བརྒྱ་ཙམ་ལ་དུས་འཁོར་རྒྱུད་འགྲེལ་གྱི་གསར་བཤད་རྒྱས་པ་མཛད་སྐབས། ཉིན་གཅིག་སྔ་དྲོའི་ཐུགས་དམ་བཀྲོལ་ཚེ། ཁྲིད་གཉེར་བ་སོགས་ལ། ད་ནངས་ནམ་ཕྱེད་ཙམ་ལ་ང་ཤམ་བྷ་ལར་ཕྱིན་ནོ་གསུངས་ནས། མ་ལཱ་ཡའི་ལོ་མ་རློན་པ་ཞིག་དངོས་སུ་བསྟན། བླ་བྲང་གི་རྩིག་ངོས་ཞལ་བ་བྱས་ནས་དུས་འཁོར་དཀྱིལ་འཁོར་ཡོངས་རྫོགས་དང་ཤམ་བྷ་ལའི་ཞིང་གི་བཀོད་པ། ཕྱོགས་མཚམས་སུ་ཐབ་ཐིག་རྣམས་བཏབ། འཇིམ་པས་ཕྱི་འཇིག་རྟེན་གྱི་བཀོད་ལུགས། འབྱུང་བཞིའི་སྟེང་དུ་འཛམ་གླིང་གནས་ཚུལ། གླིང་དུམ་བུ་བཅུ་གཉིས། རིགས་དྲུག་གི་གནས་ཚུལ། མཚོ་དྲུག གླིང་དྲུག དབུས་སུ་ལྷུན་པོའི་རྒྱ་དཔངས། ནམ་མཁའ་ལ་ཁྱིམ་གྱི་གོ་ལ་འཁོར་ཚུལ་སོགས་བཟོས་ནས་ངོ་སྤྲོད་མཛད་ཅིང་། དེ་ལྟར་འཁོར་བས་ས་ལ་དུས་ཚིགས་འཁོར་ལུགས། ནང་རྡོ་རྗེ་ལུས་ཀྱི་གནས་ཚུལ། རྩ་རླུང་ཐིག་ལེ་ཇི་ལྟར་ཆགས་གནས། མཐར་ཇི་ལྟར་འདོར་ཚུལ་ལ་སོགས་པ་ཞིབ་རྒྱས་སུ་གསུངས།

དེ་ལྟར་མཁས་བཙུན་ཆེན་པོས་གསན་ཏེ་ཐུགས་ཤིན་ཏུ་དགྱེས་ནས་བེར་ཐུལ་སོགས་གནང་སྦྱིན་རྒྱ་ཆེན་པོ་མཛད་ཅིང་། ཁོང་ལ་མངའ་བའི་དབང་ལུང་ཁྲིད་གསུམ་མན་ངག་ཞལ་ཤེས་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་གནང་ནས། དོན་གྱིས་བསྟན་བདག་ཏུ་མངའ་གསོལ་མཛད།

དགུང་གྲངས་སོ་གཉིས་ཐོག་ཇོ་ནང་རི་ཁྲོད་ཆེན་མོར་དགེ་བའི་བཤེས་གཉེན་བརྒྱ་ཕྲག་ལྷག་ལ་དུས་འཁོར་རྒྱུད་འགྲེལ་གསུང་སྐབས། ལོ་ཙཱ་བ་ཆེན་པོ་བློ་གྲོས་དཔལ་བཟང་(༡༢༩༩-༡༣༥༣)ཇོ་ནང་དུ་ཕེབས། དེ་ནས་བཟུང་ལོ་དུ་མའི་རིང་འབྲལ་མེད་དུ་བརྟེན། དབང་བཀའ་ཡོངས་སུ་རྫོགས་པ་ཞུས་ཤིང་ཐུགས་སྲས་མཆོག་ཏུ་གྱུར། བླ་མ་རོག་བུ་ཚང་བའི་ངོར་འདུས་པ་བརྒྱ་ཕྲག་མང་པོར་རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་ཞེ་བཞི་དང༌། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་བཅུ་གཅིག་གི་དབང་བསྐུར་གནང་ཚེ། ནམ་མཁའ་ལ་སྒྲ་འོད་དང་མེ་ཏོག་གི་ཆར་བབ་པ་དགེ་མཚན་སྣ་ཚོགས་བྱུང་། བླ་མ་རོག་བུ་ཚང་བའི་རྣམ་ཐར་མ་མཇལ་མོད། གོང་གི་པད་གླིང་ལུང་བསྟན་དུ་“རོག་ཚང་ཇོ་ནང་ཞེས་པའི་མགོན་གནས་སུ༔”ཞེས་པ་དེ་དང་འབྲེལ་བ་མེད་དམ་སྙམ།

ས་སྐྱའི་ཏི་ཤྲི་ཀུན་དགའ་རྒྱལ་མཚན་གྱིས་ཕེབས་བསུ་གྲ་སྒྲིག་ཕུན་སུམ་ཚོགས་པའི་སྒོ་ནས་གདན་འདྲེན་ཞུས་པ་ལྟར། སྐུ་འཁོར་བཅས་ས་སྐྱར་ཕེབས་ཏེ་མཁན་ཆེན་གནས་དྲུག་པ་བློ་གྲོས་མཚུངས་མེད་དང་། འཇམ་སྟོན། འཇམ་སྒེག་སོགས་དགེ་བཤེས་སྟོང་ཕྲག་བརྒལ་བར་དུས་འཁོར་དབང་ཆེན་སོགས་ཆོས་བཀའ་རྒྱ་ཆེར་གསུངས། རྒྱལ་བའི་གསུང་རབ་དཔང་པོར་བཞག་ནས་མཐར་ཐུག་གྲུབ་མཐའི་རྩོད་གླེང་མཛད་པས་འགྲན་བྲལ་དུ་གྱུར། ཀུན་ལས་རྣམ་པར་རྒྱལ་བའི་དགེ་མཚན་དུ་ནམ་མཁའ་ནས་མེ་ཏོག་གི་ཆར་བབས་པ་སོགས་ངོ་མཚར་བའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་བྱུང་།

དགུང་ལོ་སོ་གསུམ་ལ་ཕེབས་པ་ཤིང་བྱིའི་(༡༣༢༤)ལོར་མིག་དམར་རྩིས་གཞུང་དང་། གཟའ་ལྔ། སྒྲ་གཅན། རྩིས་ཀྱི་རྒྱུ་མཚན། མཇུག་རིང་། གཟའ་བཅུ་སྟོང་པར་འཇུག་ཚུལ་སོགས་མཛད་དེ་གངས་ལྗོངས་ཀྱི་སྐར་རྩིས་རིག་པར་སྔོན་མེད་ཀྱི་ལེགས་སྐྱེས་གྱ་ནོམ་པ་བསྩལ། ད་ལྟའི་ཆར་ཡང་འཛམ་ཐང་ཕྱོགས་སུ་དེའི་ཕྱག་བཞེས་མ་ཉམས་པར་བཞུགས་སྐད།

དགུང་གྲངས་སོ་ལྔ་(༡༣༢༦)བཞེས་ཐོག་མཁས་བཙུན་ཡོན་ཏན་རྒྱ་མཚོས་དབུས་ཇོ་ནང་གི་བླ་ཆེན་རྣམས་ཞལ་མཐུན་གྱིས་ཇོ་ནང་གི་གདན་སར་བཞུགས་དགོས་པའི་བཀའ་ནན་ཕེབས་པས། ཀུན་མཁྱེན་ཆེན་པོས། ད་དུང་རྟེན་འབྲེལ་བརྟག་དགོས་གསུངས་ཏེ་ལོ་དེའི་དཔྱིད་ཀར་སློབ་དཔོན་ཟླ་བ་དང་། མཁས་མཆོག་ཚུལ་འོད་གཉིས་ཕྱག་གཡོག་ཏུ་ཁྲིད་ནས་ལྷ་སར་ཕེབས། ཇོ་ཤཱཀ་རྣམ་གཉིས་དང་ཁྱད་པར་དུ་རང་བྱོན་འཕགས་པ་བཅུ་གཅིག་ཞལ་གྱི་དྲུང་དུ་མཆོད་པ་རྒྱ་ཆེན་དང༌། དར་གྱི་ཅོད་པན། དཀར་མེ། བདུག་སྤོས་བཅས་ཕུལ་ཏེ། ཁོང་གིས་ཇོ་ནང་གི་གདན་ས་པའམ། ཡང་ན་སྒྲུབ་པ་ཁོ་ནར་གཞོལ་ན་བསྟན་འགྲོར་ཕན་པ་གང་ཆེ་ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་པས། སྤྱན་གཟིགས་ཀྱི་ཐུགས་ཀ་ནས་འོད་ཟེར་པདྨའི་ཕྲེང་བ་ལྟ་བུ་འཕྲོས་ཤིང་། དེའི་གསེང་ནས་རང་བྱུང་གི་སྒྲ་གདངས་ལས་ཇོ་ནང་གི་གདན་ས་མཛད་ན་ལེགས་ཚུལ་གྱི་ལྟས་བཟང་བྱུང་བས། དེ་ལྟར་ཐུགས་ཐག་བཅད་དེ་ལྕགས་པོ་རིར་ཕེབས། ཕྱོགས་འདུས་ཀྱི་དད་ལྡན་དུ་མར་མདོ་སྡེ་དྲན་པ་ཉེར་བཞག་དང་། ཁང་བུ་བརྩེགས་པའི་མདོའི་བཤད་ལུང་སོགས་གནང་།

ལོ་དེའི་སྟོན་ཁར་ཕྱིར་ཇོ་ནང་རྒྱལ་བའི་རི་ཁྲོད་དུ་ཕེབས། ཇོ་ནང་གི་ཐོག་མའི་བླ་མ་ཀུན་སྤངས་ཀུན་ཏུ་བཟང་པོ་ཐུགས་རྗེ་བརྩོན་འགྲུས་(༡༢༤༣-༡༣༡༣)ཀྱིས། མ་འོངས་པར་ངའི་རི་ཁྲོད་འདིར་ཕ་ལས་བུ་ལྷག བུ་ལས་ཚ་བོ། དེ་བས་ཡང་ཚ་ལྷག བཟང་ལྡན་གོང་མར་ཆོས་འཆད། འོག་མར་མཆོད་རྟེན་བཞེངས་ཞེས་ལུང་བསྟན་པ་ལྟར། མཁས་བཙུན་ཆེན་པོས་ཇོ་ནང་བླ་བྲང་དུ་གདན་དྲངས། ཆོས་རྗེ་ཀུན་སྤངས་ཆེན་པོ་ནས་བླ་རབས་གསུམ་གྱི་རྟེན་མཆོག་ཕྱག་དཔེ་དང་། རྡོར་དྲིལ། རུས་རྒྱན། ཀ་པཱ་ལ། དར་གདུགས་སོགས་རྩ་ཆེའི་སྐུ་གསུང་ཐུགས་རྟེན་རྣམས་ཕུལ་ཏེ། ཇོ་ནང་བསྟན་པ་རྒྱ་མཚོའི་བདག་པོར་མངའ་གསོལ་ཁྲི་འདོན་མཛད།

དེ་ནས་བཟུང་དབྱར་དགུན་རྣམས་སུ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། སྟོན་དཔྱིད་གཉིས་སུ་འདུས་པ་རྣམས་ལ་འཕགས་པ་རྔ་བོ་ཆེའི་མདོ་སོགས་ངེས་དོན་མདོ་ལྔ་མདོ་བཅུ་རྣམས་དང་། བྱམས་ཆོས་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ འཕགས་པ་ཀླུ་སྒྲུབ་ཀྱི་བསྟོད་ཚོགས། སེམས་འགྲེལ་སྐོར་གསུམ། ཁྱད་པར་དུ་དུས་འཁོར་རྒྱུད་འགྲེལ་བ་དང་བཅས་པ། འབུམ་རྒྱས་འབྲིང་བསྡུས་གསུམ། དབང་མདོར་བསྟན། ཀྱཻ་རྡོར་ནཱ་རོའི་འགྲེལ་ཆེན། དབུ་མ་རྩ་བ། སྤྱོད་འཇུག བསླབ་བཏུས། ཀྱཻ་རྡོར་རྒྱུད་གསུམ། མཁའ་འགྲོ་རྒྱ་མཚོ། རྡོ་རྗེ་ཕྲེང་བ། གསང་འདུས་སྒྲོན་གསལ། དམར་ནག་འཇིགས་གསུམ། རྟ་མགྲིན། ཕུར་པ་སོགས་གསང་སྔགས་གསར་རྙིང་གི་དབང་ཟུར་བཀའ་ཡང་མང་དུ་གསུངས་ཤིང་། གཙོ་བོར་ཤེར་ཕྱིན་གྱི་མདོ་དང་། མངོན་རྟོགས་རྒྱན། སྙིང་པོའི་མདོ། རྒྱུད་བླ་མ། དུས་འཁོར་གྱི་དབང་ཁྲིད། དགེ་ཚུལ་སློང་དང་བྱང་སྡོམ་སོགས་ཀྱང་གནང་། སྦྱོར་དྲུག་སྒྲུབ་པ་བ་རྣམས་དང་། ལྷག་པར་དུ་འདག་སྦྱར་དུ་བཞུགས་པའི་སྒྲུབ་པ་ཕོ་མོ་རྣམས་ལ་ཟབ་ལམ་གྱི་ཉམས་ཁྲིད་རྒྱུན་ཆགས་སུ་གསུངས་པས། རིས་མེད་མཁས་དབང་རྣམས་ཀྱིས་ཀུན་མཁྱེན་དུ་གྲགས་པ་མཚན་དོན་དང་མཐུན་པར་འདུག་ཅེས་བསྔགས་བརྗོད་ཞུས་ཤིང་། མཁས་དབང་དཔང་ལོ་ཆེན་པོས་(༡༢༧༦-༡༣༤༢)ཀྱང་“བུ་དོལ་ཤེར་གསུམ་བསྟན་པའི་སྲོག་ཤིང་ཡིན་”ཞེས་བསྟོད་བསྔགས་མཛད།

བཞི། རི་བོ་བརྩེགས་པས་རྒྱ་མཚོ་བརྡོལ་བ།

དགུང་གྲངས་སོ་དགུར་(༡༣༣༠)ཕེབས་སྐབས། མཁས་བཙུན་ཆེན་པོ་ཞི་བར་གཤེགས་པས། དགོངས་རྫོགས་སུ་བཟང་ལྡན་འོག་མར་མཆོད་རྟེན་མཐོང་གྲོལ་ཆེན་མོ་གསར་བཞེངས་ཀྱི་ས་ཆོག་མཛད་པའི་ཚེ། ས་གཡོས་ཤིང་མེ་ཏོག་གི་ཆར་བབས་པ་ལ་སོགས་པའི་རྟགས་མཚན་བྱུང་། རྟེན་འབྲེལ་དུ་དགོངས་ཏེ་སློབ་ཆེན་རྣམས་ལ་དུས་འཁོར་བདག་པོ་བདག་ཆེན་གྱི་དབང་བསྐུར་མཛད། སྐུ་འབུམ་འཛམ་གླིང་རྒྱན་གཅིག་གམ་མཐོང་གྲོལ་ཆེན་མོ་དཔལ་ཡོན་ཅན་ལྷ་ཁང་བརྒྱ་རྩ་བརྒྱད་པ། རྒྱ་དཔངས་མཉམ་པར་ཁྲུ་ཉིས་བརྒྱ་བཅོ་ལྔ་བ། རྒྱན་བཀོད་པ་ཕུན་སུམ་ཚོགས་པ། གདུགས་ཀྱི་ལྷ་ཁང་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་དུས་འཁོར་ཡོངས་རྫོགས་ཀྱི་དཀྱིལ་འཁོར་བློས་བསླངས་བཞུགས་པ་དེ་ཉིད་ལོ་ཕྱེད་དང་བཞི་ལ་གྲུབ་པར་མཛད་དེ། ཁང་བུ་བརྩེགས་པའི་མདོ་དང་འབྲེལ་རབ་གནས་མཛད་དུས་འདབ་མ་ཡུ་བ་དང་བཅས་པའི་མེ་ཏོག་གི་ཆར་ཁ་བ་བབ་པ་ཙམ་བབས།

གཙང་ཕྱོགས་སུ་མཆོད་རྟེན་དེ་འདྲ་བ་གསུམ་ཡོད། ཇོ་ནང་སྐུ་འབུམ་མཐོང་གྲོལ་ཆེན་མོ་དང་། གཅུང་རི་བོ་ཆེའི་སྐུ་འབུམ་མཆོད་རྟེན(༡༤༥༡-༡༤༦༢)། རྒྱལ་རྩེའི་སྐུ་འབུམ་མཆོད་རྟེན་(༡༤༢༧-༡༤༣༧)བཅས་གསུམ་ནི་ཆེ་ཆུང་ཙམ་ལས་ཚད་དབྱིབས་སོགས་ཧ་ཅང་འདྲ་བོ་ཡོད་པ་མ་ཟད། མཆོད་རྟེན་དེ་གཉིས་ཀ་ཇོ་ནང་སྐུ་འབུམ་མཐོང་གྲོལ་ཆེན་མོར་དཔེ་བླངས་ཏེ་བཞེངས་པར་གྲགས་ཤིང་། བྱིན་རླབས་ཀྱི་ཆ་ནས་དེ་གཉིས་ཀྱིས་ཀྱང་འགྲན་དུ་མེད་པ་ཡིན་ཚུལ། སི་ཏུ་ཆོས་ཀྱི་རྒྱ་མཚོའི་གངས་ལྗོངས་དབུས་གཙང་གནས་སྐོར་ལམ་ཡིག་[10]ལས། “ལར་མཆོད་རྟེན་འདི་དང་རྒྱང་རྩེ་གཉིས་མཐོ་དམན་ཆེར་མི་སྣང་། ཕྱོགས་འདིའི་མཆོད་རྟེན་ཞིག་ནང་བྱིན་ཆགས་པ་ས་བཅུའི་དབང་ཕྱུག་གིས་བཞེངས་པ་འདིས་བག་དྲོ་བར་སྣང་།” ཞེས་སྐུ་འབུམ་མཐོང་གྲོལ་ཆེན་མོའི་ཕྱི་ནང་གི་རྟེན་བརྟེན་པའི་བྱིན་རླབས་དང་ཆེ་བ་བརྗོད་སྐབས། ཀུན་མཁྱེན་དོལ་པོ་སངས་རྒྱས་ས་བཅུའི་དབང་ཕྱུག་དངོས་ཡིན་པར་ཐུགས་ཐག་བཅད་དེ་གསུངས་ཡོད།

མཁན་ཆེན་བསོད་གྲགས་པས་གཙོས་ཇོ་གདན་ཚོགས་པ་ལ་གཞལ་ཡས་ཁང་དུ་དུས་འཁོར་གྱི་དབང་མོ་ཆེ་མཛད། མཁན་ཆེན་རིན་པོ་ཆེ་བྱང་ཆུབ་སེམས་དཔའ་བསོད་ནམས་གྲགས་པས་བསྐུལ་ངོར། དབུ་མའི་མན་ངག་ཁྱད་འཕགས་ཞེས་བྱ་བའི་བསྟན་བཅོས་རྨད་དུ་བྱུང་བ་དེ་ལྗགས་རྩོམ་མཛད།

དགུང་གྲངས་བཞི་བཅུའི་ཐོག་ཇོ་ནང་དཔལ་གྱི་རི་ཁྲོད་དུ་དགེ་སློང་གི་དགེ་འདུན་ཆེན་པོའི་ཚོགས་དང་ལྷན་ཅིག་ཏུ་བཞུགས་སྐབས། ཉིན་གཅིག་ས་བཟང་ལོ་ཙཱ་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་(༡༣༠༦-༡༣༨༨)མཆོག་ཞ་ལུ་ནས་ཇོ་ནང་དུ་ཕེབས་མ་ཐག ཀུན་མཁྱེན་ཆེན་པོའི་སྔ་དྲོའི་ཐུགས་དམ་གྲོལ་ནས་ཚོགས་དུང་བུས་པ་དང་། དགེ་བཤེས་ཉིས་བརྒྱ་ལྷག་གིས་ཕྱག་ཏུ་ཤོ་ཀ་ལི་བསྣམས་ནས་ཆོས་ཁྲིད་ལ་ཕེབས་པ་བཅས་དུས་མཉམ་བྱུང་བས། ཀུན་མཁྱེན་ཆེན་པོས་མཁྱེན་ཏེ། ཆོས་ཁྲིད་གྲོལ་མ་ཐག སྤོས་སྣ་དང་དུང་རྒྱ་གླིང་བཅས་ཀྱིས་བསུས་ཏེ་སྐུ་མདུན་དུ་གདན་དྲངས། ཐུགས་བརྩེས་གསུང་མོལ་ཡུན་རིང་མཛད། མི་ཕྱེད་པའི་དད་པ་སྐྱེས་ནས་ཞབས་སྤྱི་བོར་བླངས། དེ་ནས་བཟུང་ཞབས་དྲུང་དུ་རྒྱུན་བཞུགས་མཛད། དུས་འཁོར་སོགས་ཆོས་བཀའ་ཡོངས་སུ་རྫོགས་པ་ཞུས། ལོ་ཙཱ་བློ་གྲོས་དཔལ་དང་ཁོང་གཉིས་ལ་ཐུགས་སྲས་ཇོ་ནང་ལོ་ཙ་རྣམ་གཉིས་ཞེས་གྲགས། རྗེ་ཙོང་ཁ་བས་ཁོང་གི་མདུན་ནས་འཇམ་དབྱངས་ཆོས་སྐོར་དང་སྙན་ངག་སོགས་གསན།

སླར་ཡང་ས་སྐྱ་ནས་ཆེད་དུ་གདན་འདྲེན་ཞུས་པ་བཞིན་ཆིབས་ཁ་བསྒྱུར། ཆོས་རྗེ་ཀུན་སྤངས་ཆེན་པོའི་དངོས་སློབ་འཇམ་དབྱངས་བཞི་ཐོག་པ་དང་། ཀུན་སྤངས་གྲགས་རྒྱལ་བ། གཞན་དཔོན་ཆེན་རྒྱལ་བཟང་བ། གཡག་སྡེ་པཎ་ཆེན། མཁན་ཆེན་གཏོར་རྒྱལ། གནས་དྲུག་པ། འཇམ་སྟོན། འཇམ་སྒེག་ལ་སོགས་པ་ས་སྐྱ་པ་བརྒྱ་སྟོང་དུ་མར་རྒྱུད་འགྲེལ་དང་བྱམས་ཆོས་སོགས་ཆོས་བཀའ་རྒྱ་ཆེར་གསུངས། མཇུག་མཐར་མདོ་རྒྱུད་ཚད་ལྡན་རྣམས་དཔང་པོར་བཞག་སྟེ། “ལྷུན་པོ་བཞེངས་པས་རྒྱ་མཚོ་བརྡོལ་བ་སྙམ་”ཞེས་གསུངས་ནས་ཀུན་རྫོབ་རང་སྟོང་དང་། དོན་དམ་གཞན་སྟོང་སྟེ་སྟོང་ཚུལ་གཉིས་དང་། བདེན་གཉིས་ཀྱི་རྣམ་དབྱེ་ལེགས་པར་ཕྱེས་ནས། གྲུབ་མཐའི་བགྲོ་གླེང་ཆེན་མོ་མཛད་པས་རྩོད་བྲལ་དུ་གྱུར། ཐག་རིང་ནས་རྩོད་ཡིག་དང་དོགས་འདྲི་ཞུས་པ་རྣམས་ལ་བཀའ་ལན་གནང་བས་རྒྱ་མཚོར་ཁ་བ་བབ་པ་ལྟར་གཞི་མེད་དུ་གྱུར། དེ་ལྟར་ངེས་དོན་གཞན་སྟོང་དབུ་མ་ཆེན་པོའི་ཆོས་སྐད་ཀྱིས་བསིལ་ལྗོངས་ཁ་བ་དཀར་པོའི་ཁོར་ཡུག་ཡོངས་སུ་ཁྱབ་པར་མཛད་པས། “ལྷུན་པོ་བཞེངས་པས་རྒྱ་མཚོ་བརྡོལ་”ཞེས་གྲགས་པ་བྱུང་།

དེ་ཡང་འཕགས་པ་རྔ་བོ་ཆེན་པོའི་མདོར[11]། བཅོམ་ལྡན་འདས་ཀྱིས། “བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་བརྒྱད་དང་ལྡན་ན་དེ་བཞིན་གཤེགས་པ་རྟག་པ་མི་ཕྱེད་པའི་སྐུ་མངོན་དུ་མཐོང་བར་འགྱུར། རྣམ་པར་འཕྲུལ་པ་ཆེན་པོས་རྣམ་པར་འཕྲུལ་ཞིང་དུས་བྱེད་པར་འགྱུར་ཏེ། བརྒྱད་གང་ཞེ་ན། མདོ་འདི་བཤད་པ་ན་མི་སྐྱོ་བ་དང་། ཐེག་པ་གསུམ་གྱིས་མི་སྐྱེ་ཞིང་གཏམ་རྣམ་པ་གསུམ་ལ་སྐྲག་པ་མེད་པ་དང་། གདུལ་བའི་སེམས་ཅན་རྣམས་མི་སྤོང་བ་དང་། དགེ་འདུན་བྱེ་བ་མཐུན་ཞིང་གཅིག་ཏུ་གྱུར་པར་ཡང་དག་པར་སྤྲོ་བ་དང་། བུད་མེད་དང་། མ་ནིང་དང་། དགེ་སློང་དང་། དགེ་སློང་མ་དང་ཀུན་ཏུ་འདྲིས་པར་མི་བྱེད་པ་དང་། རྒྱལ་པོ་དང་། དབང་ཕྱུག་དང་ལྷན་ཅིག་ཀུན་ཏུ་འདྲིས་པ་སྤོང་པ་དང་། བསམ་གཏན་དང་། སྤོང་བ་ལ་མངོན་པར་དགའ་བ་དང་། མི་གཙང་བ་དང་། བདག་མེད་པའི་འདུ་ཤེས་ཏེ་བརྒྱད་པོ་དེ་དག་གོ །གཞན་ཡང་རྒྱུ་བཞིས་འགྱུར་ཏེ། བཞི་གང་ཞེ་ན། བདག་གིས་ཆོས་ངེས་པར་བཟུང་བ་ནི་ཤིན་ཏུ་ལེགས་པར་བྱས་སོ་སྙམ་པ་དང་། བདག་ཉིད་བདག་གི་སྐྱབས་ཡིན་ནོ་ཞེས་དེ་ལྟར་སེམས་པ་དང་། དེ་བཞིན་གཤེགས་པ་རྟག་པ། བརྟན་པ། ཞི་བ། ཐེར་ཟུག་པའོ་ཞེས་བྱ་བར་ཐེ་ཚོམ་མེད་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་པ་དང་། ཉིན་མཚན་རྟག་ཏུ་དེ་བཞིན་གཤེགས་པའི་ཡོན་ཏན་འདི་ལྟ་བུ་རྗེས་སུ་དྲན་པར་བྱེད་པ་ན་དེ་བཞིན་གཤེགས་པ་རྟག་པ་མི་ཕྱེད་པའི་སྐུ་མངོན་སུམ་དུ་མཐོང་བར་འགྱུར། རྣམ་པར་འཕྲུལ་པ་ཆེན་པོས་རྣམ་པར་འཕྲུལ་ཞིང་དུས་བྱེད་པར་འགྱུར་རོ། །འོད་སྲུང་ངས་དེ་ལྟ་བུའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ལ་ཆོས་ཀྱི་སྐུ་བསྟན་པར་བྱའོ། །དེ་གྲོང་རྡལ་ལམ། གྲོང་ཁྱེར་རམ། ཚོང་རྡལ་གང་ན་འདུག་ཀྱང་རུང་སྟེ། དེར་ངས་དེ་དག་ལ་བསྟན་ནས་འདི་སྐད་ཅེས་རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ང་ནི་རྟག་པ་ཡིན་ནོ་ཞེས་གསུངས་སོ། །དེང་ཕྱིན་ཆད་སུ་ཞིག་མདོ་སྡེ་འདི་འཆང་བ་དང་། ཀློག་པ་དང་། འདོན་པ་དང་། གཞན་ལ་ཡང་སྒྲོག་པར་བྱེད་ཅིང་འདི་སྐད་ཅེས་དེ་བཞིན་གཤེགས་པ་ནི་རྟག་པ། བརྟན་པ། ཞི་བ་ཐེར་ཟུག་པའོ། །ཞེས་སྨྲ་ཞིང་ཤེས་པར་བྱེད་པ་དང་། བཅོམ་ལྡན་འདས་ནི་རྟག་ཏུ་བཞུགས་སོ་ཞེས་བདག་ཉིད་ཀྱི་བསམ་པ་ཐག་པ་དང་། ངན་གཡོ་མེད་པ་དང་། བཅོས་མ་མ་ཡིན་པ་དང་། སྒྱུ་མེད་པས་དེ་ལྟ་དེ་ལྟར་ཤེས་པར་བྱེད་པ་བསམ་པ་ཐག་པ་ཕུན་སུམ་ཚོགས་པ་དེ་ལ་ནི་ངས་བདག་ཉིད་མངོན་སུམ་དུ་བསྟན་པར་བྱའོ། །འོད་སྲུང་ཁྱོད་དད་པར་གྱིས་ཤིག །ཡིད་ཆེས་པར་གྱིས་ཤིག །འོད་སྲུང་གལ་ཏེ་དེ་ལྟར་ཆོས་རྣམས་ལ་མི་སྤྱོད་ན་དེས་ང་མཐོང་བར་ཇི་ལྟར་འགྱུར།” ཞེས་གསུངས་པ་ལྟར་རོ།།

དགུང་གྲངས་ཞེ་གཉིས་(༡༣༣༣)ཐོག་ས་མངའ་རིས་ཕྱོགས་རྒྱལ་བ་(༡༣༠༦-༡༣༨༦)ཞེས་གྲགས་པ། སྐུ་གཞོན་ནུ་གཞུང་ལུགས་ཀུན་ལ་མཁྱེན་པ་རྒྱས་ཤིང༌། རྣམ་དཔྱོད་དང་རྩོད་རིགས་འགྲན་ཟླ་བྲལ་བ། བརྗོད་པ་གཙང་ཞིང་ཐུགས་རྒྱལ་ཆེ་བ། དབུས་གཙང་གཉིས་སུ་གྲྭ་སྐོར་མཛད་པས་རྩོད་མེད་དུ་གྱུར་ནས་ཕྱོགས་ལས་རྣམ་ཞེས་ཡོངས་སུ་གྲགས་པ་དེས། ཇོ་ནང་ཀུན་མཁྱེན་དུ་གྲགས་པས་ཁྱད་དུ་འཕགས་པའི་མཆོག་རྟེན་ཆེན་པོ་བཞེངས་ཤིང་། བོད་སྔ་རབས་པ་དང་མི་མཐུན་པའི་གྲུབ་མཐའི་སྲོལ་བཏོད་ཡོད་ཚུལ་གསན་ནས། དེ་དང་ལུང་རིགས་ཀྱིས་བགྲོ་གླེང་བྱེད་དགོས་དགོངས་ཏེ་ཇོ་ནང་དུ་ཕེབས་པ་དང་། ཀུན་མཁྱེན་ཆེན་པོས་དགེ་འདུན་འདུས་ཚོགས་རྒྱ་མཚོ་ཙམ་ལ་ཆོས་ཁྲིད་ཚར་ནས་གྲོལ་བ་དང་དུས་འགྲིགས། དེ་ལུགས་སྐུ་གཉེར་ལ་འཕྲིན་བསྐུར་བས་བླ་བྲང་དུ་གདན་དྲངས། ཉེ་གནས་ཀྱིས་ཡོལ་བ་ཕྱེས་པས། ཀུན་མཁྱེན་ཆེན་པོ་སྐུ་མཚན་དང་དཔེ་བྱད་ལམས་སེ། ཚུལ་ཁྲིམས་ཀྱི་དྲི་བསུང་ཐུལ་ལེ། དེ་བཞིན་གཤེགས་པ་དངོས་སུ་བཞུགས་པ་ལྟ་བུའི་གཟིགས་སྣང་བྱུང་ནས། རང་དབང་མེད་པར་ལུས་འདར་བཞིན་ཕྱག་འཚལ། མཇལ་དར་དང་ཕྱག་རྟེན་མཚོན་ཙམ་ཕུལ་བས། ཀུན་མཁྱེན་པོས་མཁྱེན་བཞིན་དུ། སྟོན་པ་གང་ནས་ཕེབས། རིགས་སུ་ཡིན་གསུངས་པས། མགྲིན་པ་དངངས་བཞིན། ཁོ་བོ་མངའ་རིས་པ་ཞིག་ལགས། དབུས་གཙང་གཉིས་སུ་སློབ་གཉེར་བྱེད་དུ་འོང་། སློབ་གཉེར་འཕེལ་བོ་བྱུང་ལགས་ཞུས་པས། ཐུགས་དགྱེས་པས་གསུང་མོལ་གནང་། ཉིན་བདུན་རིང་དབུ་ཕར་ཚད་མངོན་སོགས་ལ་བགྲོ་གླེང་མཛད་པས། སྔོན་མེད་ཀྱི་ལེགས་བཤད་གྲངས་མེད་པ་གསན། གཞན་སྟོང་གི་གྲུབ་མཐའ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་ངེས་པ་རྙེད། གཞན་སྟོང་འགོག་བྱེད་ཀྱི་རིགས་པ་རྣམས་ནི་རྣམ་པར་རྟོག་པའི་རི་མོ་ཙམ་ལས་དོན་ལ་མི་གནས་པར་མཁྱེན། ཀུན་མཁྱེན་ཆེན་པོ་ལ་མི་ཕྱེད་པའི་དད་པ་འཁྲུངས། རྗེས་སུ་འཛིན་པར་གསོལ་བ་བཏབ་པས་ཞལ་བཞེས་མཛད་ཅིང་ཆོས་འབྲེལ་གསན།

སླར་དུས་འཁོར་གྱི་རྒྱུད་སོགས་ཐུགས་ལ་བཟུང་ནས་ཇོ་ནང་དུ་ཕེབས།  དུས་ཀྱི་འཁོར་ལོའི་དབང་བཀའ་ཡོངས་སུ་རྫོགས་པ་ཞུས། ཟབ་ལམ་སྦྱོར་དྲུག་ཉམས་བཞེས་མཛད་པས་རྟོགས་པ་མཆོག་ཏུ་གྱུར། རྗེ་ཙོང་ཁ་བས་ཁོང་གི་མདུན་ནས་དུས་འཁོར་སྦྱོར་དྲུག་སོགས་གསན། ཀུན་མཁྱེན་དོལ་པོ་པའི་འགྲན་ཟླ་བྲལ་བའི་སློབ་མ་ཉ་ཕྱོགས་གཉིས་ཞེས་གྲགས། ཁོང་གིས་མཛད་པའི་དུས་འཁོར་རྒྱུད་འགྲེལ་ངོ་མཚར་རྟོགས་བརྗོད་[12]དུ། “ཕྱི་མཚན་ཉིད་ཐེག་པའི་ངེས་དོན་མཐར་ཐུག་ལ་བློའི་སྣང་བ་ཅུང་ཟད་སྐྱེས་པ་དང༌། བླ་ན་མེད་པའི་རྒྱུད་སྡེ་རྣམས་ཀྱི་རྡོ་རྗེའི་ཚིག་གི་མདུད་པ་ཅུང་ཟད་ཁྲོལ་བ་ནི། ཆོས་རྗེ་དཔལ་ལྡན་བླ་མ་འདི་ཉིད་ཁོ་ནའི་བཀའ་དྲིན་ཡིན་ཏེ།” ཞེས་གསུངས་ཤིང་། དུས་འཁོར་བ་རྒྱལ་བ་དཔལ་སོགས་སློབ་ཚོགས་མང་དུ་བྱོན། རྒྱལ་བ་དཔལ་གྱི་སློབ་མའི་གཙོ་བོ་བྱང་བདག་རྣམ་རྒྱལ་གྲགས་བཟང་(༡༣༩༥༡-༤༧༥)ཡིན།

རིག་པའི་དབང་ཕྱུག་ཉ་དབོན་ཀུན་དགའ་དཔལ་(༡༢༨༥-༡༣༧༩)ནི། དབུས་གཙང་གཉིས་སུ་འགྲན་ཟླ་བྲལ་བའི་རྩོད་རྒྱལ་དུ་གྲགས། ཀུན་མཁྱེན་ཆེན་པོ་བྱ་རྒོད་གཤོང་དུ་བྱོན་པའི་དུས་སུ་ཞལ་མཇལ། གསུང་ཐོས་པ་ཙམ་གྱིས་མི་ཕྱེད་པའི་དད་པ་སྐྱེས། ཀུན་མཁྱེན་ཆེན་པོ་ཕྱིར་ཇོ་ནང་དུ་བྱོན་པའི་ཞབས་ཏོག་མཛད། དེ་ནས་བཟུང་དགུང་ལོ་ང་དྲུག་གི་བར་དུ་འབྲལ་མེད་དུ་བསྟེན། སེམས་འགྲེལ་སྐོར་གསུམ་དང་། སྦྱོར་དྲུག་ཉམས་ཁྲིད་སོགས་གསན་ཅིང་ཐུགས་སྲས་སུ་གྱུར། རྣམ་འགྲེལ་ཊིཀ་ཆེན་མཛད་པས་ཚད་མ་ཉ་གཏུགས་ཅེས་པའི་གཏམ་རྒྱུད་དེ་བྱུང་། རྗེ་ཙོང་ཁ་བས་ཁོང་གི་མདུན་ནས་ཕར་ཕྱིན་སོགས་གསན། ཐོག་མར་ས་སྐྱའི་མཁས་པ་ཉ་བརྩོན་གཉིས་དང་། བར་དུ་དབུས་གཙང་མཁས་པ་མི་དྲུག་གི་གཙུག་གི་ཟླ་བའི་ཟླ་བ། ཐ་མར་དོལ་པོ་པའི་འགྲན་ཟླ་བྲལ་བའི་སློབ་མ་ཉ་ཕྱོགས་གཉིས་ཞེས་ཡོངས་སུ་གྲགས།

དེ་ནས་ལྷ་རྩེར་ཕེབས་ནས་ཐོགས་ཤིག་བཞུགས། ཕྱོགས་རིས་ཀྱི་དགེ་འདུན་པ་དང་དད་ལྡན་རྣམས་ལ་ངེས་དོན་འཁོར་ལོ་ཐ་མའི་ཆོས་བཀའ་མང་དུ་གསུངས། ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ་སོགས་ཀྱིས་བསྐུལ་ངོར་མཁས་བཙུན་ཡོན་ཏན་རྒྱ་མཚོའི་རྣམ་ཐར་དང༌། འབུམ་དང་ཉི་ཁྲི་བའི་མཆན་བུ་སོགས་མཛད། དེ་དུས་དོལ་པོ་ནས་སྐུའི་སྲིང་མོ་རིན་ཆེན་དབྱངས་དང་། བསོད་ནམས་དབྱངས། གཅུང་བོ་རྡོ་རྗེ་རྒྱལ་མཚན་གསུམ་ཇོ་ནང་དུ་འབྱོར་བ་གསན་པས་ཕྱིར་ཇོ་ནང་དུ་ཕེབས། སྲིང་མོ་གཉིས་ནི་སྔར་སྲོང་བཙན་སྒམ་པོར་འཁྲུངས་པའི་དུས་སུ་བལ་བཟའ་དང་རྒྱ་བཟའ་གཉིས་ཀྱི་སྤྲུལ་པར་བཤད།

དགུང་གྲངས་ཞེ་གསུམ་སྟེང་(༡༣༣༤)ཐུགས་སྲས་ལོ་ཙཱ་བ་ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་(༡༢༩༤-༡༣༧༦)དང་། ལོ་ཙཱ་བ་ཆེན་པོ་བློ་གྲོས་དཔལ་བཟང་རྣམ་གཉིས་ཀྱིས་ཀུན་མཁྱེན་ཆེན་པོའི་བཀས་བསྐུལ་བཞིན། ཀུན་སྤངས་ཆོས་གྲགས་དཔལ་བཟང་དཔང་བོར་བཞུགས་ཏེ། ཁོང་གི་དགོངས་ཟབ་གཞིར་བཟུང་དུས་འཁོར་རྒྱུད་(ཤོང་འགྱུར)ལ་འགྱུར་བཅོས་མཛད། ཡོངས་གྲགས་སུ་དུས་འཁོར་ཇོ་ནང་འགྱུར་ཞེས་གྲགས་ཤིང་། ད་ལྟ་སྡེ་དགེ་བསྟན་འགྱུར་(རྒྱུད། ཐ-ད)དང་། བསྟན་འགྱུར་དཔེ་བསྡུར་མ་(རྒྱུད། དེབ་ ༦)སོགས་སུ་བཞུགས། ཀུན་སྤངས་ཆོས་གྲགས་དཔལ་གྱིས་ཞུས་ངོར་ལོ་ཙཱ་བ་རྣམ་གཉིས་ཀྱི་འགྱུར་ལ་གསལ་བྱེད་ས་བཅད་དང་། མཆན་འགྲེལ་མཛད་པས་དོལ་པོའི་དུས་འཁོར་མཆན་འགྲེལ་དུ་གྲགས། སྐབས་དེར་སྤྲུལ་བའི་ཞིང་ཁམས་ཤམ་བྷ་ལ་དངོས་སུ་གཟིགས་ནས་བསྟོད་སྨོན་ཡང་མཛད། ཐུགས་སྲས་ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ་གྱིས་རང་སློབ་རྒྱལ་སྲས་དངུལ་ཆུ་ཐོགས་མེད་བཟང་པོས་(༡༢༩༥-༡༣༦༩)ཞུས་ངོར། དུས་འགྲེལ་མཆན་ཆེན་མོ་ཡོངས་གྲགས་དུས་འཁོར་ཕྱོགས་མཆན་དུ་གྲགས་པ་སོགས་མཛད་པས་དུས་འཁོར་རྒྱུད་འགྲེལ་བ་དང་བཅས་པར་སྔར་མེད་ཀྱི་འགྱུར་ལྡོག་དང་འཕེལ་རྒྱས་ཆེན་པོ་བྱུང་།

དུས་འཁོར་ཇོ་ནང་འགྱུར་རམ་ཇོ་ནང་ལོ་ཙཱ་བ་རྣམ་གཉིས་ཀྱིས་བསྒྱུར་བ་ནི། ཤོང་འགྱུར་སྒྲ་དོན་འགྲིག་ཅིང་ཚིག་སྦྱོར་ལེགས་པར་ཡོད་པ་ལ། ད་དུང་དོན་གྱི་ཆ་གནད་དུ་མ་ཕྱིན་པར་ཡོད་པ་རྣམས་ལ་འགྱུར་རྙིང་རྣམས་དང་དཔང་འགྱུར་སོགས་ལའང་གཏུགས།  སྒྲ་དོན་ལ་མཁས་པས་ལེགས་པར་དཔྱད་ཅིང་འགྱུར་བཅོས་ཀྱང་མཛད་ལ། གནད་ཆེས་མང་པོར་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་འགྱུར་བཅོས་མཛད་པ་ཡིན་པས་འགྱུར་གསར་གཞན་རྣམས་ལས་བྱིན་རླབས་ཆེའོ།། དེ་ཕྱིན་ཆད་ནས་ཀྱང་འགྱུར་བཅོས་ཐན་ཐུན་བྱེད་མཁན་བྱུང་ཟེར་ཏེ།  བྱུང་བ་ཙམ་དུ་ཟད་ཀྱི་བཤད་སྒྲུབ་ཀྱིས་གཏན་ལ་ཕབ་པ་མེད་དོ།། ཅེས་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་གསུངས་པ་ལྟར་རོ།།

དགུང་ལོ་བཞི་བཅུར་(༡༣༣༡)ཕེབས་སྐབས་འཁྲུངས་ཡུལ་ནས་མ་ཡུམ་སྐུ་གཤེགས་པ་གསན་པས་སླར་ཡང་དོལ་པོར་ཕེབས། ཡབ་དང་མཇལ། ཡུམ་གྱི་དགོངས་རྫོགས་སུ་བཀྲ་ཤིས་སྒོ་མང་མཆོད་རྟེན་བཞེངས་པས། དོལ་པོའི་ཡུལ་མིའི་ངག་རྒྱུན་དུ། “ཡབ་ཀྱི་ཆེད་དུ་བཀའ་འགྱུར་བསྟན་འགྱུར་བཞེངས།། ཡུམ་གྱི་ཆེད་དུ་བཀྲ་ཤིས་སྒོ་མང་བཞེངས།།” ཞེས་གྲགས། བཀྲ་ཤིས་སྒོ་མང་མཆོད་རྟེན་དེང་སང་ཡང་དོལ་པོའི་ཕལ་སྡེ་བར་བཞུགས་ལ། དོལ་པོའི་ཡུལ་མི་རྣམས་ཀྱིས་ཕྱག་སྐོར་རྒྱུན་ཆད་མེད་པར་བྱེད་བཞིན་ཡོད།

དགུང་ལོ་ཞེ་གཅིག་ཙམ་གྱི་ཐོག་གསང་ཕུ་ནེའུ་ཐོག་དགོན་(༡༠༧༣)དུ་གདན་དྲངས། དགེ་འདུན་སྟོང་ཕྲག་གཉིས་ཙམ་གྱིས་སེར་ཕྲེང་དང་། རོལ་མོ། གདུགས་རྒྱལ་མཚན་བ་དན་སོགས་མཆོད་རྫས་སྣ་ཚོགས་པས་བསུས་ནས་རྔོག་ལོ་ཙཱ་བའི་གཟིམས་ཁང་དུ་བཞུགས་སུ་གསོལ། དུས་འཁོར་རྒྱུད་འགྲེལ་དང་། ཡུམ་ཉི་ཁྲི། ཤེས་རབ་ཁྲི་བ། མདོ་ཕལ་པོ་ཆེ་སོགས་ཆོས་བཀའ་རྒྱ་ཆེར་བསྩལ།

སྔ་ཕྱིར་ལོ་བཅུ་གསུམ་གྱི་བར་དུ་ཇོ་ནང་རྒྱལ་བའི་རི་ཁྲོད་ཆེན་མོར། ལོ་རེ་བཞིན་མཁས་པ་སྟོང་ཕྲག་མང་པོར་དུས་འཁོར་རྒྱུད་འགྲེལ་དང་། བྱམས་ཆོས་རྣམས་དུས་ཆོས་སུ་གསུངས་ཤིང་སྟོན་དཔྱིད་གཉིས་ལ་སྦྱོར་དྲུག་གི་དུས་ཁྲིད་དང་ཚོགས་ཆོས། དབྱར་དགུན་ལ་སྐུ་མཚམས་དམ་པོ་རྣམས་དུས་ལས་མ་ཡོལ་བར་ཆག་མེད་དུ་མཛད། ཇོ་ནང་དུ་སྒྲུབ་པ་སྙིང་བོར་བྱེད་པ་ཁོ་ན་རང་ཡང་ཉུང་དུས་སུ་སྟོང་ཙམ་རེ་འཚོགས་ཤིང་། སྤྱིར་ཚོགས་པ་ཉུང་དུས་སུ་ཡང་ཉིས་སྟོང་ཙམ་རེ་དང་། མང་བ་ལ་ཚད་བཟུང་དུ་མེད། ནམ་ཞག་རྒྱུན་དུ་སྒྲུབ་ཕུག་རྣམས་སུ་འདག་སྦྱར་ལ་བཞུགས་པའི་རྣལ་འབྱོར་ཕོ་མོ་ཡང་སྟོང་ཕྲག་བརྒལ། དུས་ཀྱི་འཁོར་ལོའི་དབང་རྒྱུད་མན་ངག་རྫོགས་པར་གསན་པ་ཡང་སྟོང་ཕྲག་མང་པོ་དང་། དབང་དང་ཁྲིད་ཆ་ཚང་ཐོབ་པ་ཁྲི་ཕྲག་བརྒལ། མཆོག་དབང་གོང་མ་དང་སོ་སོར་སྡུད་པའི་ཁྲིད་གསན་ཞིང་ཉམས་མྱོང་སྐྱེས་པ་ནི་བགྲང་བས་མི་དཔོག་ལ། བོད་ཀྱི་རི་སུལ་ཐམས་ཅད་རྡོ་རྗེའི་རྣམ་འབྱོར་གྱི་སྒྲུབ་པ་པོས་ཁྱབ་པ་དང་། ཆོས་རྗེ་འདི་ལ་ཟབ་ལམ་གྱི་འཁྲིད་ཞུས་པ་ཙམ་གྱིས་དགེ་སྦྱོར་གྱི་སྣེ་མ་ཟིན་པ་ནི་གཅིག་ཀྱང་མེད་པར་གྲགས་ཤིང་། བཤད་ཉན་གྱི་གྲྭ་ཐམས་ཅད་དུ་དུས་འཁོར་རྒྱུད་འགྲེལ་དང་། སྙིང་པོའི་མདོ། རྒྱུད་བླ་མའི་བསྟན་བཅོས་ལས་བརྩམས་པའི་ངེས་དོན་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་བདེ་གཤེགས་སྙིང་པོ་སེང་གེའི་སྒྲས་ཡོངས་སུ་ཁྱབ་པར་མཛད་པས། དུས་འཁོར་བསྟན་པའི་བཀའ་བབ་རྒྱལ་བ་ཇོ་ནང་བ་ཞེས་གྲགས། དེ་ལྟར་ཡང་ས་སྐྱའི་ཨ་མྱེས་ངག་དབང་ཀུན་དགའ་བསོད་ནམས་(༡༥༩༧-༡༦༥༩)ཀྱིས། “དེ་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྣམ་འཕྲུལ། རྩོད་དུས་ཀྱི་རྒྱལ་བ་གཉིས་པ་ཀུན་མཁྱེན་ཆེན་པོ་དཔལ་ཇོ་མོ་ནང་པའི་ཞལ་སྔ་ནས་ཐུགས་ཉམས་སུ་བཞེས། དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་བཤད་སྲོལ་བྱིན་རླབས་ཀྱི་དྲོད་མ་ཡལ། བརྒྱུད་པ་ཟམ་མ་ཆད་པའི་བཀའ་བབས་ཆེན་པོ་མངའ་བ།” ཞེས་གསུངས་པ་ལྟར་རོ།།

དུས་སྐབས་དེར་བོད་གངས་རིའི་ལྗོངས་སུ་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ་ངེས་དོན་བསྟན་ལ་སྟོན་པ་གཉིས་པ་ཞེས་གྲགས་ཤིང་། ཕྱིས་བྱོན་མཁས་གྲུབ་རྣམས་ཀྱིས་ཀྱང་ད་ལྟའི་ཆར་དཔལ་དུས་ཀྱི་འཁོར་ལོའི་བཤད་སྒྲུབ་ཕྱག་ལེན་གྱི་རྒྱུན་མ་ཉམས་པར་ཡོད་པ་ནི་ཀུན་མཁྱེན་དོལ་པོ་སངས་རྒྱས་ཡབ་སྲས་ཀྱི་བཀའ་དྲིན་ཁོ་ན་ཡིན་ཞེས་གསུངས།

དགུང་གྲངས་ཞེ་བདུན་(༡༣༣༨)བཞེས་ཐོག་ཐུགས་སྲས་ལོ་ཙཱ་བ་བློ་གྲོས་དཔལ་ཇོ་ནང་གི་གདན་སར་བསྐོས་ནས་གཟིམ་ཁང་བདེ་བ་ཅན་དུ་བཞུགས་སྐབས། ཐུགས་སྲས་ལོ་ཙཱ་བ་དང་། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། བསམ་ལྡིང་ཅོག་པུ་པ་(དཔལ་ལྡན་དབང་ཕྱུག་ཤེས་རབ།)སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་དང་། ངེས་དོན་གྱི་སྒྲུབ་པ་པོ་བཟང་པོ་རྣམས་ཀྱིས་ཡང་ཡང་བསྐུལ་ངོར་དབུ་མ་ཆེན་པོ་རི་ཆོས་ངེས་དོན་རྒྱ་མཚོ་དང་། མངོན་རྟོགས་རྒྱན་འགྲེལ་ཕར་ཕྱིན་མདོ་ལུགས་མར་གྲགས་པ་སོགས་རྒྱལ་བའི་དགོངས་པ་འགྲེལ་ཚུལ་ཐུན་མོང་མ་ཡིན་པ། ངེས་དོན་ལུགས་བཟང་གསལ་བོར་སྟོན་པའི་གཞུང་ལུགས་གསེར་གྱི་ཐང་མར་བརྡལ་བས། “བསིལ་ལྗོངས་ཀུན་མཁྱེན་རྟོན་པ་བཞི་ལྡན་”ཞེས་ཡོངས་སུ་གྲགས།

དེ་ཡང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས། རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དང་། ས་བཅུའི་བྱང་ཆུབ་སེམས་དཔའ། ཤིང་རྟའི་སྲོལ་འབྱེད་ཀླུ་ཐོགས་རྣམ་གཉིས་སོགས་ཀྱི་མན་ངག་ཟབ་མོ་འབའ་ཞིག་དཔང་བོར་བཞག་པ་ལས། སྐྱོ་མ་སྔ་བཙན་གྱི་དཔེ་ལྟར་ཨུ་ཚུགས་མཁྲེགས་འཛིན་གྱི་རང་ལུགས་ཉི་ཚེ་བའི་བག་ཆགས་ངན་པ་དེ་དག་དོར་ནས། རྟོན་བཞིའི་རིགས་པར་བརྟེན་ཏེ་རྒྱལ་བའི་དགོངས་པ་འགྲེལ་ཚུལ་ཐུན་མོང་མ་ཡིན་པ་ནི། རི་ཆོས་ངེས་དོན་རྒྱ་མཚོ་[13]ལས། “མདོ་རྒྱུད་ཟབ་མོ་མཐར་ཐུག་པ་ཐམས་ཅད་ཀྱི་སྤྱི་འགྲེལ་ཆེན་པོ་དང༌། རྡོ་རྗེའི་ཚིག་ཏུ་གསུངས་པ་ཐམས་ཅད་ཀྱི་མདུད་འགྲོལ་ཆེན་པོ་དང༌། དགོངས་ཏེ་གསུངས་པའམ་དགོངས་ཆེན་ཟབ་མོ་ཐམས་ཅད་ཀྱི་དོན་འགྲེལ་ཆེན་པོ་ཡིན་ནོ། །འོན་ཀྱང་དེ་དག་དེ་ལྟར་ཚུལ་བཞིན་དུ་རྟོགས་པ་ལ་སྐྱོ་མ་སྔ་བཙན་གྱི་བག་ཆགས་སྤངས་ནས་རྟོན་པ་བཞི་དང་ས་བཅུ་པ་རྣམས་ཀྱི་མན་ངག་ཟབ་མོ་ཉམས་སུ་མྱོང་བའི་སྒྲོན་མེ་བཟང་པོ་ལ་བརྟེན་དགོས་སོ།།” ཞེས་བཀའ་བསྩལ་བ་ལྟར་དང་། དེ་བཞིན་དུ་ཕར་ཕྱིན་མདོ་ལུགས་མའི་རྩོམ་པར་དམ་བཅའི་ཚིགས་བཅད་[14]དུ། “རྒྱལ་ལས་ཆེས་མཁས་འགའ་ཡང་ཡོད་མིན་ཕྱིར།། རྒྱལ་ལས་ལྷག་པའི་དཔང་པོ་གཞན་མེད་ཕྱིར།། རྒྱལ་དང་འགལ་བའི་བཤད་སྲོལ་རྣམས་དོར་ནས།། རྒྱན་གྱི་དགོངས་པ་མདོ་བཞིན་བྲི་བར་བྱ།།”  ཞེས་དང་། དེའི་མཛད་བྱང་[15]དུ། “མདོ་ཇི་ལྟ་བ་བཞིན་དུ་རྒྱལ་བས་བསྟན་པ་འབའ་ཞིག་གི་དབང་དུ་བྱས་ནས་བཤད་པ་ཡིན་ནོ།།” ཞེས་དང་། “ཡུམ་དོན་མ་ནོར་ཚུལ་བཞིན་ལེན་འདོད་ན།། ཤེར་ཕྱིན་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡིས།། ཇི་ལྟར་སློབ་ཚུལ་བྱམས་པས་ཞུས་བཞིན་དང༌།། དམ་ཆོས་དོན་གཉེར་རྟག་ཏུ་ངུ་བཞིན་མཛོད།། རྒྱལ་བས་གསུངས་པའི་མདོ་ཉིད་དཔང་པོ་ལགས།། ཡང་དག་ཡིན་མིན་མདོ་དང་བསྟུན་ན་གསལ།། གཞན་འདོད་བཤད་ཚོགས་ཕུབ་མའི་གསེབ་དེ་ན།། ཉེར་མཁོའི་ཡུམ་དོན་སྙིང་པོ་མི་གདའ་ན།། ཚེ་གང་འབད་པས་རྩོལ་བས་ངལ་དུབ་ཅན།། རྣམ་རྟོག་རླུང་དམར་འཚུབ་མས་གཡེངས་སུ་ཟད།།”ཅེས་གསུངས་པ་ལྟར་དང་། དེའི་ཚུལ་ཡང་། འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོར[16]། “ཞིང་སྲུང་བའི་ཐབས་མཁས་པས་ངའི་དགེ་སྦྱོང་གཡེལ་བ་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ནས་དེ་དག་བསྡུ་བའི་དངོས་པོས་བསྡུས་ཏེ། མདོ་འདི་རྙེད་ནས་ལུས་ལ་བཅངས་ཏེ། དགེ་འདུན་དག་པར་བྱས་ནས་དང་པོ་རུང་བ་མ་ཡིན་པའི་གཞི་ཆེན་པོ་ཡོངས་སུ་སྤངས་ཏེ་ཆོས་ཆེན་པོ་སྒྲོགས་པར་འགྱུར། རྔ་བོ་ཆེ་ཆེན་པོའི་མདོ་ལས་གསུངས་པའི་ཆོས་ཀྱི་དུང་དང་། ཆོས་ཀྱི་རྒྱལ་མཚན་སྒྲོགས་པར་འགྱུར་རོ།། གཉིས་པ་ཐེག་པ་ཆེན་པོའི་མདོ་སྟོང་པ་ཉིད་ཀྱི་གཏམ་སྨྲ་བར་འགྱུར་རོ།། གསུམ་པ་སེམས་ཅན་གྱི་ཁམས་རྟག་པའི་གཏམ་དང་། རྔ་བོ་ཆེ་ཆེན་པོའི་མདོའི་གཏམ་སྨྲ་བར་འགྱུར་རོ།། ཆོས་ཆེན་པོའི་རྔ་བོ་ཆེ་རྡུང་བར་འགྱུར། ཆོས་ཆེན་པོའི་དུང་འབུད་པར་འགྱུར། ཆོས་ཀྱི་རྒྱལ་མཚན་འཛུགས་པར་འགྱུར། ངའི་མངོན་སུམ་དུ་གོ་གྱོན་པར་འགྱུར་རོ།།” ཞེས་གསུངས་པ་ལྟར་ངེས་དོན་བསྟན་པའི་བདག་པོ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཞེས་ཡོངས་སུ་གྲགས་ཤིང་། སྐབས་དེར་མི་རྣམས་ཀྱིས། “གནམ་ལ་ཉི་ཟླ་གཉིས། ས་ལ་བུ་དོལ་གཉིས་”ཞེས་གླེང་བ་བྱུང་།

དགུང་གྲངས་ཞེ་དགུ་ཙམ་ལ་སྣར་ཐང་ཆོས་སྡེ་ཆེན་(གཏུམ་སྟོན་བློ་གྲོས་གྲགས་ཀྱིས་ཕྱག་བཏབ།)པོས་གདན་དྲངས་བ་ལྟར་ཆེད་ཕེབས་མཛད། དགེ་འདུན་སྟོང་ཕྲག་ལྷག་ལ་བདེན་གཉིས་རྣམ་དབྱེའི་བཤད་པ་རྒྱས་པར་མཛད། དེ་དུས་ཆོས་རྗེ་ཕུན་ཚོགས་དཔལ་(༡༣༠༤-༡༣༧༧)གྱིས་རྟོགས་ལྡན་གྲགས་སེང་གི་མདུན་ནས་ཐུགས་གཉེར་གནང་སྐབས། ངེས་དོན་རྒྱ་མཚོའི་དཔེ་ཆ་གཟིགས་པས་མི་ཕྱེད་པའི་དད་པ་སྐྱེས་ཏེ་འཕྲལ་དུ་སྣར་ཐང་དུ་ཕེབས། ཀུན་མཁྱེན་ཆེན་པོས་དགེ་འདུན་སྟོང་ཕྲག་བརྒལ་བར་བཀའ་ཆོས་གནང་བཞིན་པའི་དུས་སུ་མཇལ། རྗེས་སུ་འཛིན་པར་གསོལ་བ་བཏབ། ཕྱིས་ཇོ་ནང་དུ་ཕེབས་ནས་དུས་ཀྱི་འཁོར་ལོའི་དབང་དང་སྦྱོར་དྲུག་སོགས་གསན་པས་ཉམས་མྱོང་ཁྱད་པར་ཐུགས་ལ་འཁྲུངས་ཤིང་རྩ་བའི་བུ་ཆེན་དུ་གྱུར།

དགུང་གྲངས་ང་གཅིག་(༡༣༤༢)ཐོག་ཧོར་རམ་ཡོན་གོང་མ་(ཧུའེ་ཙུང་)ཐོ་གན་ཐེ་མུར་(ཁྲི་ལོ་ ༡༣༣༣-༡༣༦༨)གྱིས་ཀུན་མཁྱེན་ཆེན་པོའི་མཚན་སྙན་ཐོས་ནས་བློན་པོ་ཀརྨ་ཀྲི་ཏ་སོགས་བང་ཆེན་བཏང་སྟེ་དུང་གི་གའུ་དང་གོས་བཟང་བཅས་ཕུལ་ནས་སྤྱན་འདྲེན་ཞུས་ཀྱང་། བོད་བསྟན་སྲིད་ལ་དགོངས་ཏེ་ཞལ་བཞེས་མ་གནང་བ་མ་ཟད། དེ་ལ་ཡོལ་ཆེད་དབེན་གནས་རྣམས་སུ་ཕེབས་ནས་ཐུགས་དམ་གཙོ་བོར་མཛད་ཞོར། བྲམ་ཟེའི་སྐུ་ཤའམ་སྐྱེ་བདུན་རིལ་བུ་སྒྲུབ་ཐབས་དང་། ཡིག་དྲུག་བཀའ་མ་སོགས་ལྗགས་རྩོམ་མཛད། རྗེས་སུ་གོང་མས་ཀྱང་རྒྱ་ཡུལ་དུ་སྐུ་དངོས་ཕེབས་མི་དགོས་པའི་ཆོག་མཆན་ཕུལ་བས། ཐུགས་དགྱེས་ཏེ་གོང་མར་ཕྱི་ནང་གྲུབ་མཐའི་རྣམ་གཞག་དོན་གསལ་ཞེས་པ་འཕྲལ་རྩོམ་མཛད་ནས་སྐྱེས་སུ་བསྐུར། ཕྱིར་ལྷ་སར་ཕེབས་སྐབས་རྭ་སྒྲེང་དུ་ས་ལུ་ལྗང་བའི་མདོ་དང༌། རྒྱུད་འབུམ་གྱི་བཤད་པ་ཚར་གཅིག་མཛད། དེ་རྗེས་གོང་མས་ཁོང་གི་སྐུ་ཚབ་ཏུ་ཀུན་སྤངས་ཆོས་གྲགས་དཔལ་གདན་འདྲེན་ཞུས་པ་ལྟར་རྒྱ་ཡུལ་དུ་གོང་མའི་དབུ་བླར་བྱོན་ནས་འགྲོ་དོན་རྒྱ་ཆེར་བསྐྱངས།

དེ་ལྟར་ཀུན་མཁྱེན་དོལ་པོ་སངས་རྒྱས་རྒྱ་ཡུལ་དུ་ཕེབས་ཚུལ་གྱིས་དབེན་གནས་རྣམས་སུ་བྱོན་སྐབས། རྒྱལ་སྲས་རིན་ཆེན་ཚུལ་ཁྲིམས་(༡༢༩༢-༡༣༦༨)ཀྱིས་ལྷ་སའི་གཙུག་ལག་ཁང་དུ་གསར་བཞེངས་གནང་བའི་ཀུན་མཁྱེན་ཆེན་པོའི་འཇིམ་སྐུ་ལ་རབ་གནས་མཛད་དུ་ཕེབས་ཚེ། ཞལ་ནས[17]། “རྟེན་འདི་ལ་གདན་ཆུང་བ་དང་གཅིག ཤིན་ཏུ་རྒན་པོའི་གཟུགས་དང་གཉིས། སྐུ་བོངས་ཆུང་བ་དང་གསུམ་སྟེ། ལྷ་ས་ལ་སོགས་དབུས་ཕྱོགས་སུ་ངའི་བསྟན་པ་འོང་བར་མི་འདུག་གོ། མ་འོངས་པའི་དུས་སུ་འདིའི་མཆོད་རྫས་རྣམས་ཧ་བཤའ་བྱེད་པ་མང་དུ་འབྱུང་བར་འགྱུར་རོ།། འོན་ཏེ་མཚན་བཟང་བ་ལ་གསུམ་སྣང༌། སྒོ་ལ་ཉེ་བ་ནི་ཐར་པའི་སྒོ་འཛིན་པའི་རྟགས། ས་གནོན་མཛད་པ་ནི་ལོག་སྨྲ་མང་པོ་འདུལ་བར་འགྱུར་རོ།། ངས་རབ་གནས་མཛད་པ་ནི་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ་ཡིན། དད་པ་གང་ཐོབ་ཀྱི་ཚོགས་རྫོགས་པར་འགྱུར་རོ།།” ཞེས་གསུངས་ཤིང་སྐུ་དངོས་ཀྱིས་རབ་གནས་ཀྱི་མེ་ཏོག་འཐོར། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྐུ་བརྙན་ང་འདྲ་མ་དང་ཕྱག་ནས་མ་ཞེས་ཡོངས་སུ་གྲགས། རིག་གསར་སྐབས་སུ་རྩ་མེད་དུ་ཕྱིན་ཡང་། དུས་ཕྱིས་སྔར་གྱི་གནས་དེར་གསར་བཞེངས་བྱས་པ་ད་ལྟ་མཇལ་དུ་ཡོད། སྤྱིར་བཏང་ཀུན་མཁྱེན་ཆེན་པོས་གཞན་ལ་ཕྱག་ལན་ཆེར་མི་མཛད་མོད། རྒྱལ་སྲས་རིན་ཚུལ་བར་“ངེས་དོན་གྱི་མངའ་བདག་ལ་ཕྱག་འཚལ་ལོ་”ཞེས་ཕྱག་ལན་མཛད་པར་གྲགས།

ཆོས་རྗེ་ཕུན་ཚོགས་དཔལ་སོགས་ཀྱིས་བསྐུལ་ངོར་རྒྱུད་བླ་མའི་འགྲེལ་པ་ལེགས་བཤད་ཉི་མའི་འོད་ཟེར་རམ་ཡོངས་གྲགས་སུ་རྒྱུད་བླ་དོལ་ཊིཀ་ཏུ་གྲགས་པ་དང་། རྒྱུད་བླ་ཐོགས་འགྲེལ་གྱི་མཆན་བུ། སློབ་དཔོན་གཡའ་བཟང་རིན་པོ་ཆེ་སོགས་ཀྱིས་བསྐུལ་ངོར། དུས་འཁོར་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་དང་། དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་རྒྱས་པའི་མངོན་རྟོགས་སོགས་དུས་འཁོར་གྱི་ཆོས་སྐོར་སོགས་ངེས་དོན་ཕྱིར་མི་ལྡོག་པའི་རང་ལུགས་ལས་བརྩམས་པའི་བསྟན་བཅོས་མང་དུ་མཛད།

དགུང་ལོ་ང་གཉིས་ཙམ་གྱི་ཐོག་ཆུ་བཟང་དུ་བཞུགས་སྐབས། ཁམས་པ་ཐུགས་བརྩོན་ཞེས་པ་ས་སྐྱའི་དགེ་བཤེས་ཕར་ཚད་མངོན་སུམ་ལ་མཁས་པ་ཞིག་དབུས་ཕྱོགས་སུ་གྲྭ་སྐོར་ལ་ཕྱིན་པའི་ལམ་ཞོར་དུ་ཇོ་ནང་དུ་ཕེབས། ཇོ་ནང་ལོ་ཙཱ་བ་བློ་གྲོས་དཔལ་དང་མཇལ་ནས་ཆོས་འབྲེལ་ཞུས། ཀུན་མཁྱེན་ཆེན་པོ་དང་མཇལ་དོགས་ནས་སྐུ་འབུམ་ཆེན་མོའི་སྐོར་ལོག་ལ་ཕྱིན་ཡང་ཀུན་མཁྱེན་ཆེན་པོ་ཐད་ཀར་མཇལ་བས་རང་དབང་མེད་པར་ཕྱག་འབུལ་དགོས་བྱུང་། དུས་ཕྱིས་མཚུར་ཕུ་གནས་ནང་དུ་ཞྭ་དམར་ཅོད་པན་འཛིན་པ་(བྱང་སེམས་རྒྱལ་བ་ཡེ་ཤེས་ཀྱི་དངོས་སློབ།)ཤ་གྲགས་སེང་བའི་དྲུང་དུ་ཕྱིན་ནས་ཀུན་མཁྱེན་ཇོ་ནང་བ་འདི་བདུད་གང་གི་སྤྲུལ་པ་ལགས་ཞུས་པས། ཁོང་གིས་དབུ་ཧྲིལ་གྱིས་གཏུམས་ནས་ཁྱོད་ཀྱིས་ལབ་ཚར་རམ་གསུངས། དེ་ཅི་ལགས་ཞུས་པས། ཁྱོད་ཀྱིས་དེ་འདྲ་མ་ཟེར་ཞིག ཁོང་ནི་རིགས་ལྡན་གྱི་སྤྲུལ་པ་དངོས་ཡིན། འདིའི་རྒྱུ་མཚན་མང་དུ་སྨྲས་ན་སྒོམ་ཆེན་པའི་ཟོག་ཡིན་ཟེར་དུ་འོང་། ངའི་ངག་ལ་ཉན་ན་ད་ལྟ་རང་ཀུན་མཁྱེན་ཆེན་པོའི་དྲུང་དུ་སོང་ལ་བཤགས་པ་ཕུལ། རྗེས་སུ་འཛིན་པར་གསོལ་བ་ཐོབས་དང་ཁོང་གིས་རྗེས་སུ་འཛིན་པར་འདུག་གསུངས་པས། དེ་མ་ཐག་ཀུན་མཁྱེན་ཆེན་པོ་ཆུ་བཟང་ན་བཞུགས་པའི་དྲུང་དུ་ཕྱིན། གསེར་གྱི་མཎྜལ་ཕུལ། བཤགས་པ་བྱས། ཞབས་བཀྲུས་པའི་ཆུ་འཐུངས། ཟབ་ལམ་གྱི་ཁྲིད་ཞུས་པས་ཉམས་རྟོགས་བཟང་པོ་སྐྱེས་པར་གྲགས།

དགུང་གྲངས་ང་བདུན་(༡༣༤༨)ཐོག་རྟ་ནག་རི་ཁུད་དུ་ཕེབས། ཕྱོགས་རིས་ནས་ཕེབས་པའི་དགེ་འདུན་བརྒྱ་ཕྲག་མང་པོར་ལོ་གཅིག་རིང་དུས་འཁོར་རྒྱུད་འགྲེལ་དང་། སྙིང་པོའི་མདོ་བཅུ། བྱམས་ཆོས་སྡེ་ལྔ། ཀླུ་སྒྲུབ་ཀྱི་བསྟོད་ཚོགས་སོགས་ངེས་དོན་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། རི་ཁུད་ཆོས་སྡེ་ཕྱག་འདེབས་མཛད། སླར་ཡང་སྣར་ཐང་ནས་གདན་འདྲེན་ཞུས་པ་ལྟར་དེར་ཕེབས། དགེ་འདུན་གྱི་ཚོགས་ཆེན་པོ་ལ་དུས་འཁོར་རྒྱུད་འགྲེལ་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་ཆོས་བཀའ་མང་དུ་གསུངས།

ལྔ། རྒྱལ་བསྟན་དག་ཐེར།

དགུང་གྲངས་རེ་གསུམ་ཐོག་(༡༣༥༤)ལོ་ཙཱ་ཆེན་པོ་བློ་གྲོས་དཔལ་སྐུ་གཤེགས་རྗེས། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་ཇོ་ནང་གི་གདན་སར་བསྐོས། གཙང་ཚོ་གསུམ་པོར་ལོ་གསུམ་དུ་སེར་བས་ལོ་ཐོག་བཅོམ་པ་ལ། བཀའ་ཤོག་བསྒྲགས་པ་ཙམ་གྱིས་གནོད་པ་ཞི། ཐང་པོ་ཆེ་བ་ཀུན་དགའ་འབུམ་(༡༣༣༡-༡༤༠༢)སོགས་འདུས་པ་འབུམ་ཕྲག་ཙམ་ལ་སེམས་འགྲེལ་སྐོར་གསུམ་ཆ་ལག་དང་བཅས་པ་རྒྱས་པར་གསུངས།

ལོ་དེའི་སྟོན་ཁར་ཆོས་རྗེ་རིན་ཚུལ་བས་ལྷ་སར་གདན་ཞུས་ལྟར་ཆིབས་ཁ་བསྒྱུར། ཕེབས་ཞོར་དུ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་(༡༣༡༢-༡༣༧༥)གྱིས་གདན་དྲངས་པ་བཞིན་ནུབ་ཆོས་ལུང་དུ་ཕེབས། དགེ་བའི་བཤེས་གཉེན་ཉིས་བརྒྱ་ལྷག་ལ་དུས་འཁོར་ཟབ་ཁྲིད་གནང༌། བླ་མ་དམ་པས་དབུས་བཤེས་གཉེན་དེ་དག་གིས་ནན་ཆེར་བསྐུལ་ངོར། བཀའ་བསྡུ་བཞི་པ་ཞེས་གྲགས་པ་རྫོགས་ལྡན་ལེགས་བཤད་གསར་བ་ངེས་དོན་ཟབ་མོའི་དགོངས་བཅུད་རྩ་འགྲེལ་སོགས་མཛད་པས། སྐྱོ་མ་སྔ་བཙན་འགའ་རེས་སྔོན་དགྲ་བཅོམ་པ་རྣམས་ཀྱིས་བཀའ་བསྡུ་མཛད་སྐབས། བདེན་དཔང་དུ་དགྲ་བཅོམ་པ་ལྔ་བརྒྱ་རེ་བཞུགས། ཁྱེད་ཀྱིས་བཀའ་བསྡུ་བཞི་བ་བྱེད་སྐབས་དཔང་པོར་དགྲ་བཅོམ་པ་དུ་ཡོད་ཅེས་དོགས་འདྲི་ཞུས་པའི་ཚེ། ཁོང་གིས། ངས་ཐེག་པ་ཆེན་པོའི་བཀའ་བསྡུ་བཞི་བ་བྱེད་སྐབས། དཔང་པོར་དགྲ་བཅོམ་པ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་འབའ་ཞིག་གི་གཞུང་ལུགས་ཆེན་པོ་ལྔ་བརྒྱ་ཡོད་ཅེས་གསུངས་པས་ལན་མེད་པར་གྱུར།

དེ་ཡང་བཀའ་བསྡུ་བཞི་པའི་དོན་བསྟན་རྩིས་ཆེན་པོའི་འགྲེལ་པའི་མཇུག་བྱང་[18]དུ། “འདིས་ནི་སངས་རྒྱས་ཀྱི་བསྟན་པ་རབ་འབྲིང་ཐ་གསུམ་དུ་གནས་པ་རྟོགས་པར་བྱས་ནས། རབ་རྫོགས་ལྡན་གྱི་ཆོས་ནི་དཔང་དུ་གྱུར་ཅིང་ཚད་མར་གྱུར་པའོ།། འབྲིང་གསུམ་ལྡན་གྱི་ཆོས་དང༌། ཐ་མ་གཉིས་ལྡན་གྱི་ཆོས་ཏེ། དེ་གཉིས་ནི་དཔང་དུ་གྱུར་པ་མ་ཡིན་པར་མཁས་པ་བསྟན་པ་ལ་བྱ་ར་མཛད་པ་རྣམས་ཀྱིས་དགོངས་པ་གལ་ཆེ་སྟེ། གང་ཟག་གི་བློ་སྐྱོན་གྱིས་བསྟན་པ་སྐྱོན་མེད་པ་ལ་སྐྱོན་བསྲེས་པ་དང་ལྷད་བཅུག་པ་རྣམས་བསལ་ནས། ལྟ་སྒོམ་སྤྱོད་པ་ཡང་དག་གི་ལམ་ལ་འགོད་པ་ནི་བཀའ་བསྡུ་བའི་དོན་ཡང་ཡིན་ཏེ། སྔར་བཀའ་བསྡུ་བ་གསུམ་སོང་ནས། འདི་ནི་བཞི་པ་ཡིན་ལ། བསྟན་རྩིས་ཆེན་པོ་ཡང་ཡིན་ཞིང༌། དད་གུས་དང༌། དག་སྣང་དང༌། མ་ཕོད་པའི་གྲོས་འདེབས་དང༌། ཞུ་འབུལ་དང༌། བྱམས་སྙིང་རྗེ་ལ་སོགས་ཐམས་ཅད་ཕྱོགས་མེད་རིས་མེད་དུ་གནས་ཀྱི། གང་གི་ཡང་ཕྱོགས་སུ་ལྷུང་བ་མེད་པའི་ཕྱིར། ཕྱོགས་མེད་རིས་མེད་ཅེས་བྱའོ། །སྔར་གྱི་བཀའ་བསྡུ་རྣམས་ལ་ནི་དགྲ་བཅོམ་མང་པོ་འདུས་པར་གྲགས་མོད། འདིར་དགྲ་བཅོམ་དུ་ཙམ་འདུས་ཞེ་ན། དགྲ་བཅོམ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྫོགས་ལྡན་གྱི་ཆོས་མཆོག་རྣམས་སུ་འདིའི་དོན་རབ་ཏུ་གསལ་བར་སྟོན་པའི་ལུང་ཟབ་མོ་སྟོང་ཕྲག་མང་པོ་གདའ་བ་དེ་རྣམས་དགྲ་བཅོམ་ཆེན་པོ་དང་མཚུངས་པར་གདའ་བས། དེའི་ལུགས་བཞིན་བསྡུས་པའོ། །ཕྱིས་བསྡུས་པ་རྣམས་ཀྱིས་ཀྱང་དེ་བཞིན་དུ་མཛད་པར་ཞུ་ཞིང༌། ལུང་གི་དགོངས་པ་ལེན་པ་ལ་མ་མཐུན་ན། སངས་རྒྱས་ཉིད་ཀྱི་རང་འགྲེལ་རྣམས་དཔང་དུ་མཛད་པར་ཞུ། ” ཞེས་དང་།

ཡང་བཀའ་བསྡུ་བཞི་པའི་བསྡུས་དོན་འགྲེལ་པའི་མཇུག་[19]ཏུ། “དེ་ལྟར་ལྟ་སྒོམ་སྤྱོད་པ་སྐྱོན་ཅན་རྣམས་སྤངས་ནས་སྐྱོན་མེད་ཉམས་སུ་བླངས་ནས་སངས་རྒྱས་ཀྱི་གསུང་བསྒྲུབ་པ་ཡིན་ཞིང་དེས་རང་གཞན་གྱི་དོན་འགྲུབ་པའི་འཇིག་རྟེན་ཆོས་བརྒྱད་ལ་སོགས་རྣམ་གཡེང་ཐམས་ཅད་སྤོང་ལ་ཐར་པ་སྒྲུབས་ཤིག་ཅེས་བསྟན་ཏོ།། ཅེས་དང་། མཇུག་བྱང་དུ། “འདིས་རྫོགས་ལྡན་གྱི་གཞུང་དཔང་དུ་བྱས་ཏེ་ཆོས་མ་དག་པ་སུན་ཕྱུང་ནས། དམ་པའི་ཆོས་རྣམ་དག་བསྟན་པའི་ཕྱིར། བཀའ་བསྡུ་བ་ཡིན་ལ། སྤྱིར་བཀའ་བསྡུ་བར་འདོད་པས་ཀྱང༌། རྫོགས་ལྡན་གྱི་གཞུང་དང༌། ཁྱད་པར་དུ་རྒྱལ་བའི་རང་འགྲེལ་སོགས་དཔང་དུ་གྱིས་ལ། བསྟན་པ་གསལ་བར་མཛོད་ཅིག” ཅེས་ཀྱང་གདམས་སོ།།

ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་གསུང་རབ་ཁྱད་འཕགས་དེ་དག་ལ། ས་སྐྱའི་འཇམ་མགོན་ཨ་མྱེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་དུས་འཁོར་ཆོས་འབྱུང་[20]དུ། “ངེས་དོན་རྒྱ་མཚོ་བསྟན་པ་སྤྱི་འགྲེལ་བཀའ་བསྡུ་བཞི་པ་སོགས་ཀྱིས་གསལ་ཞིང་གསལ་བའི་ཤིང་རྟའི་སྲོལ་ཕྱེ་བ་འདི་ལས་གུད་པའི་བྱང་ཤམྦྷ་ལ་ན་ཡང་དཔལ་ལྡན་རྒྱུད་ལ་འགྲེལ་མཛད་མེད་ངེས་སྙམ་པའི་ཡིད་ཆེས་ཡོད།”ཅེས་སྡོམ་ཚིག་བཀོད་ཡོད།

ཆོས་རྗེ་ཐང་ཆེན་པ་ཀུན་དགའ་འབུམ་གྱིས་ཡར་ལུང་ཕྱོགས་སུ་གདན་དྲངས། དེར་དགེ་འདུན་བརྒྱ་ཕྲག་དུ་མར་དབང་མདོར་བསྟན་སོགས་རྫོགས་ལྡན་གྱི་ཆོས་བཀའ་རྒྱ་ཆེར་གསུངས། རིམ་གྱིས་སྐྱོར་མོ་ལུང་གི་ཐད་ཀར་ཕེབས་སྐབས། ཆོས་རྗེ་དཔོན་སློབ་རྣམས་ཀྱིས། ཇོ་ཤཱཀ་རྣམ་གཉིས་ལ་ཡན་ལག་བདུན་པ་ཕུལ་བས་ལྷ་སའི་བར་ཁྱམས་ཐམས་ཅད་དང༌། ཁྱད་པར་དུ་གཙུག་ལག་ཁང་དུ་མེ་ཏོག་སིལ་མའི་ཆར་ཆེན་པོ་བབ་པ་མི་རྣམས་ཀྱིས་དངོས་སུ་མཐོང་ནས་ཅི་ཞིག་གི་ལྟས་ཡིན་ཞེས་གླེང་སློང་ཆེན་པོ་བྱུང་།

དགུང་གྲངས་རེ་བཞི་(༡༣༥༥)བཞེས་སྐབས་སླར་ཡང་ཆོས་རྗེ་རིན་ཚུལ་བས་ཞབས་ཏོག་རྒྱ་ཆེན་པོས་གདན་དྲངས་པ་ལྟར་ཡུལ་དབུས་ལྷ་སར་ཕེབས། ལྷ་སར་དགེ་བའི་བཤེས་གཉེན་སུམ་བརྒྱ་ལྷག་ལ་དུས་འཁོར་དབང་ཆེན་དང་། ཟབ་ལམ་གྱི་ཁྲིད་རྒྱས་པར་མཛད། བྲག་ལྷ་ཀླུ་ཕུག་གམ་དེང་སང་བྲག་ལྷ་ཀླུ་སྒུག་ཏུ་གྲགས་པའི་ཕུག་པར་ཕེབས། ཐུགས་སྲས་ཀུན་སྤངས་ཆེན་པོ་ཆོས་གྲགས་དཔལ་དང་། བླ་མ་ཤར་བ་རིན་ཆེན་རྒྱལ་མཚན། ཇོ་ནང་ལོ་ཙཱ་བ་ས་བཟང་པཎ་ཆེན་བློ་གྲོས་རྒྱལ་མཚན། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་བ། མཁས་མཆོག་ཉ་དབོན་ཀུན་དགའ་དཔལ། དུས་འཁོར་བ་རྡོ་རྗེ་སྙིང་པོ། རྒྱལ་སྲས་ཐོགས་མེད་བཟང་པོ་སོགས་དགེ་བའི་བཤེས་གཉེན་སུམ་བརྒྱ་ལྷག་ལ། ནག་ཟླའི་ཚེས་གསུམ་ནས་སྣྲོན་ཟླའི་ཚེས་བརྒྱད་བར། འབུམ་དུས་འཁོར་རྫོགས་ལྡན་ལུགས་ཀྱི་འཆད་ཁྲིད་རྨད་དུ་བྱུང་བ་མཛད་ཅིང་། ཐེག་པ་ཆེན་པོའི་བཀའ་བསྡུ་བཞི་བ་དངོས་སུ་མཛད་དེ། རྒྱལ་བསྟན་དག་ཐེར་མཛད་པས། བདག་མེད་ལྷ་མོ་བཅོ་ལྔའི་ཞལ་གཟིགས། ཡོངས་ཀྱི་དགེ་བའི་གཤེས་གཉེན་བརྒྱ་ཕྲག་གསུམ་ལྷག་གིས་རྗེས་སུ་ཡི་རང་སྟེ་མངོན་པར་བསྟོད།

དེ་ཡང་འབུམ་དུས་འཁོར་རྫོགས་ལྡན་ལུགས་སུ་འཆད་སྐབས་ཀྱི་རྣམ་ཐར་[21]ལས། “དེ་རྣམས་ལ་ཕྱི་རོལ་བཤད་ལུགས་ནི། བསྟན་རྩིས་ཆེན་པོ་བཀའ་བསྡུ་བཞི་པ་དང་། རྒྱལ་བའི་རང་འགྲེལ་རྣམས་དང༌། གསང་སྔགས་ཟབ་མོའི་གནམ་འཕང་མཐོན་པོ་བཅད་ནས་བཤད་པ་ནི། ཤིང་རྟ་ཆེན་པོ་དབུ་མ་པ་སློབ་དཔོན་དབྱིག་གཉེན་ལ་སོགས་པ་རྣམས་དང་འཆད་ཚུལ་གཅིག་ཏུ་སྣང་བས། དབུ་མ་པ་ཆེན་པོ་དེ་དག་གི་འཆད་ཚུལ་བཞིན་དུ་སྐྱོན་མེད་ཡོན་ཏན་ཚང་བ་རྫོགས་ལྡན་གྱི་ལུགས་སུ་བཤད་ཅིང༌།” ཞེས་དང་། ཡང་།[22] “སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་ཀྱི་ལུང་དང་སོ་སོ་སྐྱེ་བོའི་པཎྜི་ཏ་རྣམས་ཀྱིས་ལུང་རིགས་མཉམ་ཉིད་དུ་འདོད་པའི་སྐྱོན་ལས་གྲོལ་བར་བཤད། སངས་རྒྱས་རང་ཉིད་ཀྱིས་འཁོར་ལོ་ཐ་མ་ངེས་དོན་དུ་གསུངས་པ་དེ་ཡང་དག་ཡིན་པར་བཤད་ཀྱང༌། དེ་ལ་སོ་སོ་སྐྱེ་བོའི་པཎྜི་ཏ་ཕལ་པའི་ལུང་གིས་གནོད་པར་འདོད་པའི་སྐྱོན་ལས་གྲོལ་བར་བཤད། བཤད་པ་ཐམས་ཅད་རྫོགས་ལྡན་ལུགས་ཀྱི་བསྟན་འགྱུར་དང་མཐུན་པར་བཤད་ཀྱང༌། གསུམ་ལྡན་མར་བཅད་ཀྱི་བསྟན་འགྱུར་གྱི་སྐྱོན་ལས་གྲོལ་བར་བཤད། བཀའ་བསྟན་བཅོས་རྣམ་དག་ཐམས་ཅད་ལས་ལེགས་པར་གསུངས་པ་ལྟར་དོན་དམ་གཞན་སྟོང་དང་ཀུན་རྫོབ་རང་སྟོང་དུ་བཤད་ཀྱང་སངས་རྒྱས་སྲས་བཅས་ལ་སྔར་མ་གྲགས་པའི་ཆོས་སྐད་གསར་བྱུང་དུ་འདོད་པའི་སྐྱོན་ལས་གྲོལ་བར་བཤད། གསུམ་ལྡན་མར་བཅད་ཀྱི་ཆོས་སྐད་ནོར་བ་ཐམས་ཅད་དང་འགལ་བར་བཤད་ཀྱང༌། རྒྱལ་བ་སྲས་བཅས་ཀྱི་ཆོས་སྐད་རྣམ་དག་དང་འགལ་བར་འདོད་པའི་སྐྱོན་ལས་གྲོལ་བར་བཤད།” ཅེས་གསུངས་པ་ལྟར་རོ།།

བྲག་ལྷ་ཀླུ་སྒུག་གམ་བྲག་ལྷ་ཀླུ་སྦུག་ཀྱང་ཟེར། ཕོ་བྲང་པོ་ཏ་ལའི་ནུབ་ངོས་ཀྱི་ལྕགས་པོ་རི་དང་ཕོ་བྲང་གཉིས་ཀྱི་བར་དུ་ཡོད་ཅིང་། དུས་རབས་བདུན་པའི་ནང་རྒྱལ་པོ་སྲོང་བཙན་སྒམ་པོའི་རིགས་མཐུན་གྱི་བཙུན་མོ་གསུམ་གྱི་ཡ་གྱལ། མི་ཉག་རྒྱལ་པོའི་སྲས་མོ་མི་ཉག་རུ་ཡོང་བཟས་བྲག་ལྷ་མགོན་པོའི་ལྷ་ཁང་དུ་བཞེངས། བྲག་ཕུག་ནང་གི་རྟེན་གཙོར་ཇོ་བོ་ཤཱཀྱ་མུ་ནི་དང་། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྐུ་བརྙན་འབུར་གཟུགས་སུ་བཞུགས། ངག་རྒྱུན་དུ་འབུམ་དུས་འཁོར་རྫོགས་ལྡན་ལུགས་སུ་འཆད་སྐབས་བཞེངས་པ་རེད་ཟེར་བ་དང་། ཡང་བཤད་སྲོལ་གཞན་ཞིག་ལ་རང་བྱོན་དུ་ཕེབས་པ་རེད་ཟེར། གང་ལྟར་ད་ལྟའི་ཆར་ཡང་བྲག་ཕུག་དེའི་ནང་དུ་དངོས་སུ་མཇལ་རྒྱུ་ཡོད་ལ། མཚན་བྱང་ལ་ཇོ་ནང་ཀུན་མཁྱེན་དོལ་པོ་པའི་སྐུ་བརྙན་རང་བྱོན་ཞེས་བྲིས་འདུག

དེ་དུས་བུ་སྟོན་ཐམས་ཅད་མཁྱེན་པས་བསྟན་པ་གད་དར་ཞིག་བྱེད་པ་ཐུགས་ལ་འདོགས་ཞེས་གསུང་འཕྲིན་ཅིག་བསྐུར་འབྱོར་བྱུང་བས། ཐུགས་ཤིན་ཏུ་དགྱེས་ཏེ་རང་འདྲའི་བུ་ཆེན་རྣམས་ཀྱིས་དབུས་འཁོར་ཚོགས་རྒྱ་མཚོ་ལྟ་བུས་བསྐོར་ཏེ་ཞ་ལུར་ཕེབས། འཇམ་དབྱངས་དཀར་པོ་(རྒྱལ་མཚན་གྲགས་པ་)སོགས་སྐྲག་སྟེ་བུ་སྟོན་རིན་པོ་ཆེར་ཞུས་པས། ཁོང་གིས་གླེགས་བམ་ཞིག་ལོང་ལ་ཞལ་ཕྱེ་ཤིག་རྟེན་འབྲེལ་ཞིག་བརྟག་དགོས་གསུངས། གཟིམ་གཡོག་པས་གླེགས་བམ་ཞིག་གི་ཞལ་ཕྱེས་ནས་འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ་རེད་ཅེས་ཞུས་ཚེ། འོ་ན་ཐོན་ཅིག་གསུངས། གཟིམ་གཡོག་པས། “ཉེ་བའི་གྲོང་ཁྱེར་ཕྲེང་བ་ཆེན་པོ་ཞེས་བྱ་བར་ཀ་ཡོ་རི་ཞེས་བྱ་བའི་རིགས་རྒྱུད་དེར་སྐྱེས་ནས་ངའི་མིང་འཆང་བའི་དགེ་སློང་ཞིག་ཏུ་གྱུར་ཏེ།”ཞེས་བཏོན་པས། ཁོང་གིས་ད་ཆོག་གསུངས། རྟེན་འབྲེལ་འགྲིག་གམ་ཞུས་པས། དེ་ནི་ཁོང་ལུང་བསྟན་པའི་ཚིག་དེ་རེད། རྟེན་འབྲེལ་མི་ལེགས། ང་ཁམས་མི་བདེ་ཞེས་ཞུས། འབུལ་བ་རྒྱ་ཆེན་ཁྱོགས་ལ་ཕེབས་སྐྱེལ་ཞུས་གསུངས་པ་ལྟར་བྱས་ཚེ། ཀུན་མཁྱེན་ཆེན་པོས་ཐལ་སྐད་ཅིག་མཛད་པས་བུ་སྟོན་ཆོས་རྗེའི་གཟིམ་ཁང་ཧྲུག་གེར་བཀས་པའི་ལོ་རྒྱུས་ཡོངས་སུ་གྲགས་སོ།།

ལོ་དེར་ཀུན་མཁྱེན་ཆེན་པོའི་དངོས་སློབ་ཏ་དབེན་ནམ་མཁའ་རྒྱལ་མཚན་(༡༣༢༣-༡༣༧༥?)གྱིས་སྔ་ཕྱིར་གདན་ཞུ་བྱས་པ་བཞིན་ཀུན་མཁྱེན་ཆེན་པོ་དང་། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་དཔོན་སློབ་གཉིས་གདན་ས་ཆེན་པོ་ངམ་རིང་དུ་ཕེབས། དུས་འཁོར་རྒྱུད་འགྲེལ་སོགས་རྫོགས་ལྡན་ལུགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། བྱང་བདག་ཁྲི་དཔོན་བཞི་བ་རྡོ་རྗེ་མགོན་པོ་སོགས་ཆེ་དགུ་རྣམས་ཞལ་མཐུན་གྱིས་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་ངམ་རིང་གི་མཁན་རབས་ལྔ་བར་མངའ་གསོལ་མཛད། ཁོང་གིས་ཀུན་མཁྱེན་ཆེན་པོའི་དགོངས་བཞེད་བཞིན་དུས་འཁོར་རྒྱུད་འགྲེལ་དང་། ཕར་ཚད་གཙོ་བོར་གྱུར་པའི་སྡེ་སྣོད་ཀྱི་བཤད་པ་ཡུན་རིང་དུ་མཛད། ཆོས་སྡེའི་བླ་བྲང་དང་། འདུ་ཁང་། ཤར་ནུབ་ཀྱི་བྲང་ཁང་བཅས་གསར་བཞེངས་མཛད་ཅིང་དུས་མཆོད་བཟང་པོའི་སྲོལ་བཙུགས། བཀའ་ཆེན་གྱི་གྲྭ་སྐོར་བ་ལ་གསེར་འགྱེད་མཛད། བསྟན་འགྱུར་གསེར་བྲིས་དང་དེའི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ། ངམ་རིང་བཅའ་ཡིག་ཆེན་མོ་སོགས་ལྗགས་རྩོམ་གནང་། རྗེ་ཙོང་ཁ་བ་ངམ་རིང་དུ་ཕེབས་ནས་གྲྭ་སྐོར་མཛད་སྐབས། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་སླར་ཡང་ཆོས་སྡེའི་མཁན་རབས་བདུན་པའི་ཁྲིར་ཕེབས་ནས་ཆོས་སྡེ་འཛིན་སྐྱོང་གནང་བཞིན་པའི་སྐབས་ཡིན།

ངམ་རིང་ཆོས་སྡེ་ཆེན་པོ་ནི། དེང་གི་ངམ་རིང་རྫོང་སྲིད་གཞུང་གི་ཤར་ངོས་ངམ་གྲོག་རིང་མོའི་རི་འདབས་སུ་ཡོད། ཐོག་མར་དཔོན་ཆེན་ཡོན་བཙུན་གྲགས་པ་དར་(བྱང་བདག་ཁྲི་རབས་དང་པོ།)གྱིས་བདག་རྐྱེན་འོག་(༡༢༧༦)ཕྱག་བཏབ། ངམ་རིང་བྱམས་པ་གླིང་དང་མཁས་མང་རིག་པའི་འབྱུང་གནས་ཞེས་པའི་མཚན་སྙན་ཡོད་ཅིང་། གཙང་སྟོད་ཕྱོགས་ཀྱི་མཚན་ཉིད་གྲྭ་ས་ཆེ་ཤོས་ཤིག་ཡིན། འོན་ཀྱང་ཕྱི་ལོ་ ༡༦༤༠ ཡས་མས་སུ་རྒྱལ་བ་ལྔ་བས་གྲུབ་མཐའ་བཙན་བསྒྱུར་བྱས་ནས། དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་ཞེས་བཏགས། ཆོས་སྡེ་འདི་ཐོག་མར་ས་ལུགས་དང་། དེ་ནས་ས་ཇོ་ཟུང་འབྲེལ། ཐ་མར་དགེ་ལུགས་ཡིན།

དགུང་གྲངས་རེ་དྲུག་(༡༣༥༧)ཐོག་ཆོས་རྗེ་རིན་ཚུལ་བའི་གདན་ས་སྨན་ཆུ་རི་ཁྲོད་དུ་ཕེབས་ནས་དུས་འཁོར་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་ཆོས་དབྱིངས་བསྟོད་པ། རྒྱུད་བླ་མ་སོགས་ངེས་དོན་ཕྱིར་མི་ལྡོག་པའི་ཆོས་འཁོར་རྒྱ་ཆེར་བསྐོར། དབུ་མ་ཆོས་དབྱིངས་བསྟོད་པའི་མཆན་འགྲེལ་མཛད་ཅིང་། དེའི་མཇུག་མཆན་[23]དུ། “རྒྱལ་བའི་སྲས་པོ་འཕགས་མཆོག་ཀླུ་སྒྲུབ་ཀྱིས།། ཆོས་དབྱིངས་བསྟོད་འདིས་དབུ་མའི་ཡིན་ལུགས་བསྟན།། དེ་རྗེས་འབྲང་འདོད་དབུ་མ་ཁས་ལེན་རྣམས།། སླན་ཆད་དབུ་མ་འདི་བཞིན་མཁྱེན་པར་མཛོད།། ཆོས་མཆོག་ཁྱད་འཕགས་བླ་མའི་བཀའ་དྲིན་ལས།། མཆན་བུས་བཀྲོལ་འདི་ཤེས་རབ་རྒྱལ་མཚན་གྱིས།།སྨན་ཆུའི་རི་ཁྲོད་དབེན་པར་བཀོད་པ་ཡིན།། གང་མཆིས་དགེ་བས་ཆོས་ཀྱི་དབྱིངས་ལ་རོལ།།”ཞེས་ངེས་དོན་དབུ་མའི་གཞུང་ལུགས་ཟབ་མོ་ངོ་སྤྲོད་དང་འབྲེལ། སླད་ཕྱིན་དབུ་མའི་གཞུང་ལ་སློབ་གཉེར་གནང་ཕྱོགས་དང་ཐུགས་སྨོན་བཅས་མཛད།

དྲུག རིས་མེད་འགྲོ་དོན།

དགུང་གྲངས་རེ་དགུའི་(༡༣༦༠)ཐོག་ལྷ་སར་བཞུགས་སྐབས། གཙང་སྨད་གཞིས་རྩེ་དང་། རྒྱལ་མཁར་རྩེ་ནས་དཔོན་འཕགས་པ་དཔོན་གཡོག ཡར་འབྲོག་ཁྲི་དཔོན་རྡོར་རྒྱལ་བཅས་ནས་གདན་འདྲེན་རིམ་པར་ཞུས་པ་ལྟར་ལྷ་ས་ནས་ཕེབས་སྐབས། ཕྱོགས་སོ་སོའི་མཇལ་བ་ཁྲི་ཕྲག་མང་པོ་ར་མོ་ཆེ་ནས་ཉང་བྲན་བྲག་གདོང་(སྐུ་མཁར་མ་རུའམ། ཕ་བོང་ཁ་ཟེར།)གི་བར་ཕྲེང་མ་ཆད་པར་བསྒྲིགས་པ་ལ། འདོ་ལིའི་སྟེང་ནས་བྱིན་བརླབས་དང་། ཡིག་དྲུག་གི་ལུང་། སེམས་བསྐྱེད་བཅས་ཀྱིས་ཚིམས་པར་མཛད། ཤམ་པོ་རྩེ་ལྔར་བདེ་གཤེགས་སྙིང་པོའི་དོན་རྟོགས་པ་མང་དུ་འབྱུང་ཞེས་ལུང་བསྟན།

ཕྱིས་སུ་ཉ་དབོན་ཀུན་དགའ་དཔལ་གྱིས་བརྩེ་ཆེན་ཆོས་སྡེ་ཆེན་པོ་ཕྱག་བཏབ། ངེས་དོན་གྱི་བསྟན་པ་འཛིན་པའི་སྐྱེས་ཆེན་མང་དུ་བྱོན། རིམ་གྱིས་སྙེ་ཐང་། སྟོད་ལུང་རྣམ་རྒྱལ། སྣ་དཀར་རྩེ། ར་ལུང་། གནས་རྙིང་། ལྕང་ར། གསེར་སྡིངས། ཞྭ་ལུ། མགུར་མོ། སྣར་ཐང་། ཁྲོ་ཕུ། བོ་དོང་ཨེ་ལ་སོགས་པ་རྣམས་སུ་ཕེབས། གང་དུ་ཕེབས་སར་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་། མི་ཆེན་དཔོན་ཆེན་སོགས་སྐྱེ་བོ་སྟོང་ཕྲག་མང་པོར་ཁམས་བསྟུན་གྱི་ཟབ་ཆོས་བསྩལ་ཏེ་ཐེག་པ་ཆེན་པོ་ལ་བཀོད་ནས་ཇོ་ནང་དུ་ཕེབས།

དགུང་གྲངས་བདུན་ཅུའི་(༡༣༦༡)ཐོག་སླར་ཡང་དབུས་ཀྱི་སློབ་ཆེན་རྣམས་ཀྱིས་གདན་དྲངས་ཏེ་འདོ་ལིར་བཞུགས་ནས། ཁུ་ལུང་མདའི་གནས། བདེ་གནས། དགེ་འདུན་སྒང་། གནམ་རྩེ་ལྡང་། སྟོད་ལུང་རྣམ་རྒྱལ། དཀྱིལ་འཁོར་གདིངས། དབེན་ཚ་ལྟག་སོགས་རིམ་གྱིས་བརྒྱུད་དེ་ལྷ་སར་ཕེབས། ཕེབས་ལམ་ཐམས་ཅད་དུ་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་དབུས་སེར་སྐྱ་སྟོང་ཕྲག་མང་པོར་སེམས་བསྐྱེད་དང་། དུས་འཁོར་གྱི་དབང་རྒྱུད་མན་ངག་དང་བཅས་པ་གནང་།

ལྷ་སར་ཟླ་བ་བདུན་གྱི་བར་དུ་བཞུགས། ཇོ་བོའི་དྲུང་དུ་མཆོད་པའི་སྤྲིན་རྒྱ་མཚོས་མཆོད་ནས་བསྟན་པ་དང་སེམས་ཅན་ཁོ་ནའི་ཆེད་དུ་ཐུགས་སྨོན་མཛད། དབུས་གཙང་གཉིས་ཀྱི་མཁས་པ་ཕལ་མོ་ཆེ་འདུས་པ་ལ། དུས་ཀྱི་འཁོར་ལོའི་དབང་ཆེན་དང་། རྒྱུད་འགྲེལ་མན་ངག ངེས་དོན་གྱི་མདོ་སྡེ་ཁག་དང་། ཁྱད་པར་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཉམས་ཁྲིད་གནང་བས། ལྷ་སའི་གཙུག་ལག་ཁང་གི་སྐོར་ལམ་རྣམས་ཀྱང་ཁྲིད་པའི་ཉམས་འུར་གྱི་གར་གྱིས་བཀང་། གསང་ཕུ་གླིང་སྟོད་སྨད། བདེ་བ་ཅན། ཚལ་དང་གུང་ཐང་སོགས་དགོན་སྡེ་ཕལ་མོ་ཆེར་ཕེབས། གར་ཕེབས་ཐམས་ཅད་དུ་ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ཁྲིད་དང་། སྐྱེ་བོའི་ཚོགས་ལ་སེམས་བསྐྱེད་དང་། ཡིག་དྲུག་གི་ཆོས་ཁོ་ན་གནང་། ཚལ་པ་ཁྲི་དཔོན་སོགས་དཔོན་སྐྱ་མང་པོ་ཡང་དག་པའི་ལམ་ལ་བཀོད། སྐྱེ་བོའི་ཚོགས་འབུམ་ཕྲག་མང་པོར་སེམས་བསྐྱེད་དེ་བྱང་ཆུབ་ཏུ་སྨིན་པར་མཛད།

ལྷ་སར་བཞུགས་རིང་གདོན་གྱི་གནོད་པ་ལ་བཀའ་ཤོག་བསྒྲགས་པ་ཙམ་གྱིས་ཕན་པས་བཀའ་ཤོག་ཞུ་བ་ཉིན་རེ་བཞིན་ཤིན་ཏུ་མང་སྟེ་མང་དུས་བརྒྱ་ཙམ་རེ་བྱུང་སྐད། ཟབ་ལམ་སྦྱོར་དྲུག་གི་ཁྲིད་ལན་བདུན་གནང་བ་ལ་ཁྲིད་སྔ་མ་རྣམས་ལ་སྟོང་ཕྲག་ཙམ་དང་། ཁྲིད་རྟིང་མ་ཁྲིད་མོ་ཆེར་གྲགས་པར་ཁྲི་ཕྲག་བརྒལ་བ་བྱུང་། གྲངས་སུ་མ་བཅད་པ་ལ་ཟབ་ལམ་སྒོམ་མཁན་དཔག་ཏུ་མེད། སོར་བསམ་གྱི་ཁྲིད་ཐོབ་པས་ཉམས་རྟོགས་བཟང་པོ་དང་ལྡན་པ་ཤ་སྟག་ཉིས་སྟོང་ལྷག་བྱུང་། མདོ་ཁམས་སོགས་གང་ས་ནས་འདུས་པའི་སྐྱེ་བོ་ཁྲི་འབུམ་མང་པོར་མཆོག་དབང་གོང་མ་གནང་བས་མི་རྣམས་ལ་ལྟ་ཅི་སྨོས། ལམ་ཁའི་ཁྱི་ཚུན་ཆད་ལ་ཡེ་ཤེས་ཕེབས་པའི་རྣམ་འགྱུར་མང་དུ་བྱུང་ཞིང་། ཐ་ན་གྲོང་མཐའི་སྤྲང་བོ་རྣམས་ཀྱིས་ཀྱང་ཆོས་ལ་དད་པ་སྐྱེས་ནས་ལམ་སྲང་རྣམས་སུ་དབེན་གསུམ་སྒོམ་མཁན་མང་དུ་བྱུང་།

ལྷ་ས་ནས་ཕྱིར་ཇོ་ནང་དུ་ཕེབས་སྐབས། ཕྱག་འབུལ་དང་ཕེབས་སྐྱེལ་དུ་འོང་བའི་དད་ལྡན་སེར་སྐྱ་མང་ཚོགས་གཙུག་ལག་གི་མདུན་ཐང་དང་། བར་སྐོར། ཁྲོམ་གཟིགས་སྒང་བཅས་སུ་མི་ཤོང་བ་ཙམ་བྱུང་། དེ་དག་ལ་ཐུགས་བརྩེས་དགེ་སྡིག་བླང་དོར་གྱི་ལམ་སྟོན་དང་བྱིན་རླབས་གནང་།

ཇོ་ནང་རི་ཁྲོད་ཆེན་མོར་འབྱོར་རྗེས་སློབ་དཔོན་དཀོན་མཆོག་རྒྱལ་མཚན་པ་ཇོ་ནང་གི་གདན་སར་བསྐོས་ཤིང་། ཕྱོགས་རིས་ནས་འདུས་པའི་བུ་སློབ་སྟོང་ཕྲག་མང་པོར་རྒྱུད་འགྲེལ་མན་ངག་དང་བཅས་པ་གསུངས། སློབ་མའི་ཐུ་བོ་རྣམས་ལ་ཡང་ཆོས་ཀྱི་ལྷག་མ་མ་ལུས་པར་སྩལ། ལོ་མཚམས་པ་རྣམས་ཀྱི་བུག་སྒོ་སོ་སོར་ཡུད་ཀྱིས་ཕེབས་ནས། གེགས་སེལ་དང་གདམས་པ་གནང་སྟེ་བདེན་པ་མཐོང་བར་མཛད།

བདུན། འཁྱག་ས་ནས་དྲོ་ས་སྙེག་པ།

རེ་ཞིག་ཚེ་བོད་ཡུལ་འདིར་དབྱར་དྲོ་དགུན་འཁྱག་པས་ངའི་བག་མི་སྤྲོ། ད་ལོར་དྲོ་ས་ཞིག་ལ་བསྙེག་དགོས་གསུངས། ཉེ་གནས་དངོས་གྲུབ་དཔལ་སོགས་ཀྱིས། དྲོ་ས་གང་དུ་གཤེགས་ཞུས་པས། བདེ་བ་ཅན་དུ་འགྲོ་གསུངས་པས་གཟིམ་ཁང་བདེ་བ་ཅན་དུ་གོ ཆེ་བགྲེས་རྣམས་བོས་གསང་གྲོས་ཤིག་བྱེད་དགོས་གསུངས། དེ་དག་སྐུ་དྲུང་དུ་འཛོམས་པར་རྒྱལ་བསྟན་སྤྱི་དང་བྱེ་བྲག་ངེས་དོན་བསྟན་པའི་འཕེལ་འགྲིབ་དང་། དེ་འཛིན་སྐྱེས་བུ་ཇི་ལྟར་འབྱོན་ཚུལ་སོགས་ལུང་བསྟན་བསམ་གྱིས་མི་ཁྱབ་པ་གནང་།

དེ་ལྟར་རེ་ཞིག་ཞིང་འདིའི་གདུལ་བྱ་རྫོགས་པའི་ཚུལ་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ནི། འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ་[24]ལས། “དེས་དེ་ལྟར་བྱས་ནས་ལོ་བརྒྱར་ཆོས་ཀྱི་ཆར་ཕབ། ཆོས་ཆེན་པོའི་རྔ་བོ་ཆེ་བརྡུངས། ཆོས་ཀྱི་དུང་བུས། ཆོས་ཀྱི་མཆོད་སྦྱིན་བྱས། ཆོས་ཀྱི་རྒྱལ་མཚན་བཙུགས་ནས་རྣམ་པར་འཕྲུལ་པ་ཆེན་པོས་དུས་བྱེད་པར་འགྱུར་རོ།།” ཞེས་གསུངས་པ་ལྟར། ལོ་དེའི་བོད་ཟླ་བཅུ་གཅིག་པའི་ཚེས་བཞིའི་ཉིན་ཇོ་ནང་དུ་སླེབས་པའི་ཁྲིད་གསར་པ་རྣམས་ལ། བླ་མའི་རྣལ་འབྱོར་རྒྱས་པ་ཅིག་གནང་ནས་འདི་ལ་རྟེན་འབྲེལ་ཐམས་ཅད་བསྒྲིག་དགོས། གལ་པོ་ཆེ་ཡིན་པས་སྒོམས་ཤིག དེ་ནས་གདན་ས་པས་གནང་ངོ་གསུངས། ཚོགས་མང་ལ་ངེས་དོན་རྒྱ་མཚོ་ཁྱེད་ཚོའི་ཆོས་སྐལ་ཡིན་གསུངས་ནས་ཉིན་གསུམ་རིང་ཞིབ་ཁྲིད་གནང་། སྐུའི་གཟི་མདངས་སྔར་ལས་རྒྱས་བཞིན་འུ་ཅག་གི་ཆོས་བཤད་མཚམས་འདི་ནས་འཇོག་གསུངས་ནས་ཆོས་འཕྲོར་བཞག སྐུ་འབུམ་དུ་ཕེབས་ནས་བསྐོར་བ་མཛད་ཅིང་། བླ་བྲང་གི་གཟིམ་ཁང་ཀ་བཞི་མར་ཕེབས། རྒྱུན་ལྡན་བཞིན་སློབ་ཚོགས་ཐམས་ཅད་ལ་ཐུགས་དགྱེས་པའི་སྒོ་ནས་གསུང་མོལ་ལྷུག་པར་མཛད། སྐུ་བསྙུང་བའི་རྣམ་པ་ཅུང་ཟད་ཀྱང་མེད་པར་ཚེས་དྲུག་གི་སྲོད་ཐུན་དང་བོར་འོད་གསལ་ལ་མཉམ་པར་བཞག་ནས་ཚུར་མཐོང་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ།།

ཞག་བདུན་གྱི་བར་དུ་སྐུའི་གཟི་མདངས་ཇེ་ཆེར་སོང་ཞིང་ཞལ་འཛུམ་བག་ངང་ཐུགས་དམ་ལ་བཞུགས། ཐུགས་དམ་གྲོལ་བའི་ཚེ་སྐུའི་གསང་གནས་སྦུབས་སུ་ནུབ། དབུའི་གཙུག་ཏོར་འཕགས་པ་ལ་ཟླ་བ་བདུད་རྩི་བྱང་ཆུབ་ཀྱི་སེམས་དབུ་གཙུག་ནས་ལུད་ཅིང་། ཕྱི་ནང་རྟེན་འབྲེལ་གནད་གཅིག་པས་ཇོ་མདར་ཇ་སྦྱོར་གཅིག་ཙམ་གྱི་ཡུན་གཙང་པོ་གྱེན་དུ་ལོག་ནས་ཆད་དེ་བར་ལ་མི་འགའ་རེས་འགྲོ་འོང་བྱས།

དེ་ནས་སྤུར་སྦྱང་བའི་ཚེ་དུ་བ་ཐམས་ཅད་འཇའ་འོད་དུ་སོང་། འོད་གསལ་རྫ་མ་ལྟ་བུས་ཁྱབ་ཅིང་བར་སྣང་ལ་རོལ་མོའི་སྒྲ་དང་དྲི་བཟང་སོགས་ངོ་མཚར་བའི་ལྟས་སྣ་ཚོགས་དང་། ཁྱད་པར་དུ་སློབ་ཆེན་འགའ་རེས་གཟིམ་ཁང་བདེ་བ་ཅན་དུ་ཀུན་མཁྱེན་དོལ་པོ་སངས་རྒྱས་སྐུ་མདོག་དཀར་པོ་ཆོས་གོས་ངུར་སྨྲིག་གསོལ་བ། ཡང་ལ་ལས་སྐུ་མདོག་སེར་པོ་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣམས་པ། ཡང་ཁ་ཅིག་གིས་སྐུ་མདོག་དམར་པོ་སེངྒེས་བཏེགས་པའི་ཁྲི་སྟེང༌དུ་ཞལ་འཛུམ་ངང་བཞུགས་པ་སོགས་གཟིགས་སྣང་མི་འདྲ་བ་སྣ་ཚོགས་བྱུང་།

གདུང་རུས་ལ། སྒལ་ཚིགས་སུ་དུས་འཁོར་ཕྱག་མང་། དཔྲལ་བར་རྟ་མགྲིན་ཡང་གསང་། དཔུང་གཡས་སུ་མི་གཡོ་བ། ལྟག་པར་སངས་རྒྱས་ཐོད་པ། ཕྱག་མཛུབ་ལ་སྤྱན་རས་གཟིགས་སོགས་ལྷ་སྐུ་འབུར་དོད་མང་པོ་རང་བྱོན་དང་། སྟོང་ཆེན་ཡིག་ལྔ་སོགས་གསུང་རྟེན་མང་པོ། དུང་དཀར་གཡས་འཁྱིལ་སོགས་ཐུགས་རྟེན་བཅས་མདོར་ན་སྐུ་རུས་ཧྲིལ་བོ་རིང་བསྲེལ་ཡུངས་འབྲུ་ལྟ་བུའི་ཕུང་པོར་གྱུར་ཏོ།།

ཀུན་མཁྱེན་དོལ་པོ་སངས་རྒྱས་གང་ཉིད་མ་འོངས་པར་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བའི་ངོ་བོར་འཚང་རྒྱ་བའི་ཚུལ་ཡང་། མདོ་དེ་ཉིད་[25]ལས། “དེ་ནས་ཕྱིས་སངས་རྒྱས་སུ་འགྱུར་ཏེ། སངས་རྒྱས་སྟོང་ཡོངས་སུ་མྱ་ངན་ལས་འདས་ནས་བསྐལ་པ་དྲུག་ཅུ་རྩ་གཉིས་འདས་ནས་རང་སངས་རྒྱས་འབུམ་ཡོངས་སུ་མྱ་ངན་ལས་འདས་ཤིང་། གཞན་ཡང་མགོན་པོ་བརྒྱད་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་འོག་ཏུ་ངའི་མིང་འཆང་བའི་དགེ་སློང་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་འདི་ཉིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ།།” ཞེས་གསུངས་པ་ལྟར་རོ།།

དེ་ལྟར་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རླབས་ཆེན་གྱི་མཛད་པ་དེ་དག་སྡོམ་སུ་བསྡུས་ན། མཛད་ཆེན་བཞི་རུ་བསྡུ་ཆོག  སྤྱིར་བཏང་ཞེ་ས་མ་ཞུས་ན་མཛད་པ་ཟེར་བ་ནི་བྱ་བ་བྱས་པའི་དོན་དང་དེར་ཞེ་ས་སྦྱར་ནས་མཛད་པ་ཞེས་ཟེར། དེས་ན་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཁས་པའི་མཛད་པ་འཆད་རྩོད་རྩོམ་གསུམ། བཙུན་པའི་མཛད་པ་སྡོམ་གསུམ་རྣམ་དག བཟང་པོའི་མཛད་པ་གཞན་དོན་ཁུར་ཁྱེར་སོགས་ཀྱི་སྒོ་ནས་བསྟན་འགྲོའི་དོན་དུ་མཛད་པ་མཐའ་ཡས་པར་བསྐྱངས་པ་ལས། འདིར་ཡོངས་སུ་གྲགས་པའི་མཛད་ཆེན་བཞི་ནི། ༡ གངས་ལྗོངས་ཀྱི་ཀུན་མཁྱེན་ཏེ་བོད་དབུས་གཙང་གཉིས་སུ་གཞུང་བརྒྱའི་གྲྭ་སྐོར་མཛད་པས་ཀུན་ལས་རྣམ་པར་རྒྱལ་ཏེ་ཀུན་མཁྱེན་དུ་གྲགས་པ། ༢ ལྷུན་པོ་བཞེངས་པས་རྒྱ་མཚོ་བརྡོལ་བ་སྟེ་སྐུ་འབུམ་མཐོང་གྲོལ་ཆེན་མོ་གསར་བཞེངས་དང་འབྲེལ་མཐར་ཐུག་གྲུབ་མཐའི་བགྲོ་གླེང་མཛད་པས་རྩོད་བྲལ་དུ་གྱུར་བ། ༣ བཀའ་བསྡུ་བཞི་བ་རྩ་འགྲེལ་སོགས་བརྩམས་ཏེ་ཐེག་པ་ཆེན་པོའི་བཀའ་བསྡུ་བཞི་བ་མཛད་ནས་རྒྱལ་བསྟན་དག་ཐེར་གནང་བ། ༤ དུས་འཁོར་བསྟན་པའི་བཀའ་བབ་སྟེ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ལ་འཁྲུལ་སེལ་འགྱུར་བཅོས་དང་། སྔོན་མེད་ཀྱི་མཆན་འགྲེལ་སོགས་མཛད་པ་མ་ཟད། བོད་ཀྱི་མཐའ་དབུས་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་སྒྲུབ་པ་པོས་ཁྱབ་པར་མཛད་པས། དུས་འཁོར་བསྟན་ལ་སྟོན་པ་གཉིས་པ་ཞེས་གྲགས་པ་སྟེ། འདི་དག་ནི་འཇིག་རྟེན་ནམ་དམངས་ཁྲོད་ལ་ཡོངས་སུ་གྲགས་པའི་མཛད་ཆེན་བཞི་རུ་བགྲང་ཆོག་པ་ཡིན་ནོ།།

ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྐྱེས་རབས་ཀྱི་དབང་དུ་བྱས་ན། དྲང་སྲོང་པདྨའི་ཕྲེང་བ་ནས་ཀུན་མཁྱེན་ཆེན་པོའི་བར་སྐྱེས་རབས་སོ་གཅིག་བྱོན་ཚུལ་ནི་ཀུན་སྤངས་ཆོས་གྲགས་དཔལ་གྱིས་མཛད་པའི་《ཆོས་རྗེ་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཁྱད་འཕགས་》ལྟར་ལགས་ཤིང་། ཡོངས་གྲགས་སུ་ཁོང་གི་སྐུ་སྐྱེ་ཕྱི་མ་འདི་ཡིན་ཟེར་བ་མེད་ལ། སྐུ་མྱ་ངན་ལས་འདའ་ཁར་བདེ་བ་ཅན་དུ་ཕེབས་པར་ཞལ་བཞེས་གནང་ཡོད། འོན་ཀྱང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་(༡༤༦༡-༡༤༨༠)ཁོང་ཉིད་ཀུན་མཁྱེན་ཆེན་པོའི་སྤྲུལ་བ་ཡིན་པ་ཞལ་གྱིས་བཞེས་ཚུལ། ལོ་ཆེན་འགྱུར་མེད་བདེ་ཆེན་(༡༥༤༠-༡༦༡༥)གྱིས་མཛད་པའི་ཐང་རྒྱལ་རྣམ་ཐར་[26]དུ། “ང་སྐྱེ་བ་སྔ་མ་ལ་ཀུན་མཁྱེན་དོལ་པོ་ཟེར། སྐྱེ་བ་འདི་ལ་སྨྱོན་པ་བརྩོན་འགྲུས་ཟེར། ཕྱི་མ་ཁྱབ་བདག་གསང་བ་འདུས་པ་ཟེར། འདི་སྣང་བ་ལ་རང་དབང་ཐོབ་པའི་རྟགས་སུ་འདུག་གསུངས་པས། རོང་སྟོན་དང་གྲུབ་ཆེན་གྱི་བར་དུ་མཁས་པ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱིས་བརྒྱན་པ། ཀུན་མཁྱེན་དོལ་པོ་ཞེས་མཚན་ཡོངས་སུ་གྲགས་པས། ཇོ་ནང་གི་མཆོད་རྟེན་དཔལ་ཡོན་ཅན་བཞེངས་ཤིང་། ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟར་མཛད་པ་དེར་སྐུའི་སྐྱེ་བ་བཞེས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དོ།། དེའི་སྐུའི་སྐྱེ་བ་ཕྱི་མ་ལྕགས་ཟམ་པ་ཐང་སྟོང་རྒྱལ་པོ་འདི་ཉིད་གང་དུ་འཁྲུངས་པའི་ཡུལ་ནི།” ཞེས་གསུངས་པ་ལྟར་དང་། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་(༡༨༩༣-༡༩༥༩)ཀྱིས་མཛད་པའི་བདེ་གཤེགས་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རྣམ་ཐར་གསོལ་འདེབས་[27]ལས་ཀྱང་། “སླར་ཡང་གྲུབ་ཐོབ་བརྩོན་འགྲུས་བཟང་པོ་སོགས།།  གང་འདུལ་སྤྲུལ་བའི་རྣམ་རོལ་མཐའ་ཡས་པས།། འགྲོ་བ་སྨིན་གྲོལ་བསྟན་པ་རྒྱས་པར་མཛད།། ཐུགས་བསྐྱེད་བསམ་ཡས་ཁྱེད་ལ་གསོལ་བ་འདེབས།།” ཞེས་གསུངས་པ་ལྟར་རོ།།

བརྒྱད། རྗེས་འཇུག་དང་ཤུལ་བཞག་རིག་གནས།

ཀུན་མཁྱེན་དོལ་པོ་སངས་རྒྱས་ལ་སློབ་ཚོགས་གྲངས་མེད་བསམ་གྱིས་མི་ཁྱབ་པ་བྱོན་པ་ལས་སློབ་མའི་གཙོ་བོ་ཁག་ནི། ཀུན་སྤངས་ཆོས་གྲགས་དཔལ་དང་། ས་བཟང་ལོ་ཙཱ་བློ་གྲོས་རྒྱལ་མཚན། ལོ་ཙཱ་བློ་གྲོས་དཔལ་བཟང་། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ཉ་དབོན་ཀུན་དགའ་དཔལ། རྒྱལ་སྲས་རིན་ཚུལ་བ་སོགས་རང་འདྲའི་བུ་ཆེན་བཅུ་བཞི་དང་། བཀའ་བབ་ཀྱི་དབང་དུ་བྱས་ན། འདུལ་བའི་སྡེ་སྣོད་ཀྱི་བཀའ་བབ་དཀོན་མཆོག་རྣམ་རྒྱལ། མདོ་སྡེའི་སྡེ་སྣོད་ཀྱི་བཀའ་བབ་ས་བཟང་ལོ་ཙཱ་བ་མ་ཏི་པཎ་ཆེན། མངོན་པའི་སྡེ་སྣོད་ཀྱི་བཀའ་བབ་མཁན་ཆེན་ཕྱོགས་ལས་རྣམ་རྒྱལ། ཚད་མའི་བཀའ་བབ་ཉ་དབོན་ཀུན་དགའ་དཔལ། ཕར་ཕྱིན་གྱི་བཀའ་བབ་ཆོས་རྗེ་ནམ་མཁའ་ཡེ་ཤེས། སྦྱོར་དྲུག་གི་བཀའ་བབ་རྒྱལ་སྲས་རིན་ཚུལ་བ། ལུང་རིགས་ཀྱི་བཀའ་བབ་མཁས་པ་ཆེན་པོ་ཞང་སྟོན་བསོད་ནམས་གྲགས་པ་སྟེ་བཀའ་བབ་ཆེན་པོ་བདུན་དང་། གཞན་ཡང་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་བསོད་ནམས་གྲགས་པ། ལོ་ཆེན་བྱང་ཆུབ་རྩེ་མོ། དུས་འཁོར་བ་རྡོ་རྗེ་སྙིང་པོ། གཡག་སྡེ་པཎ་ཆེན། རྒྱལ་སྲས་དངུལ་ཆུ་ཐོགས་མེད། མཆིམས་བློ་བཟང་གྲགས་པ། ཤངས་པ་རྡོ་རྗེ་སོགས་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེས་མང་པོ་དང་། གྲུབ་ཐོབ་དབུས་པ། བླ་མ་མཁའ་སྤྱོད་པ། གྲུབ་ཆེན་རྟ་ར་བ། སྒྲུབ་པ་མོ་འོད་གསལ་འབུམ། ཡེ་ཤེས་རྒྱན། ཞང་བཙུན་མ་ཆོས་མཚོ། འུ་ལུ་སོགས་ལོ་མང་པོར་འདག་འབྱར་ལ་བཞུགས་ཤིང་། ཚེ་ལུས་གཅིག་ལ་ཟུང་འཇུག་གི་གོ་འཕང་ཐོབ་པའི་སྒོམ་ཆེན་ཕོ་མོ་ཡང་མང་དུ་བྱོན་ནོ།།

གསུང་རབ་མང་པོ་ཞིག་དུས་རབས་བཅུ་བདུན་པའི་ནང་གི་གྲུབ་མཐའ་གསར་བརྗེར་གྲགས་པའི་མེ་དཔུང་གིས་ལྷག་མེད་དུ་བསྲེགས་ཟིན་ཅིང་། འགའ་རེ་འབྲས་སྤུངས་གནས་བཅུ་ལྷ་ཁང་སོགས་སུ་བཙོན་འཇུག་བྱས་ནས་མི་ལོ་སུམ་བརྒྱ་དྲུག་ཅུ་ལྷག་གི་རྗེས་སུ། གཟན་དཀར་མཆོག་སྤྲུལ་རིན་པོ་ཆེའི་བཀའ་དྲིན་འོག་ཇོ་ནང་གསུང་རབ་སྐོར་ཞིག་བཙོན་གྲོལ་བྱུང་ཞིང་། ད་ལྟ་དངོས་སུ་སྐྱེ་འགྲོའི་བསོད་ནམས་ཀྱི་དཔལ་དུ་བཞུགས་པ་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པ་ལ་དེབ་བཅུ་གསུམ་བཞུགས་ཤིང་། ཆོས་ཚན་གྱི་དབང་དུ་བྱས་ན། ལྟ་གྲུབ་སྐོར་ལ། རི་ཆོས་ངེས་དོན་རྒྱ་མཚོ་སོགས་ཆོས་ཚན་ཉེར་བརྒྱད། ཤེར་ཕྱིན་སྐོར་ལ། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་མདོ་ལུགས་མ་སོགས་ཆོས་ཚན་དགུ། དུས་འཁོར་སྐོར་ལ། རྒྱུད་འགྲེལ་གྱི་བསྡུས་དོན་ཡོངས་འདུ་ལྟ་བུ་སོགས་ཆོས་ཚན་ཞེ་དྲུག སྤྲིང་ཡིག་སྐོར་ལ། ཆོས་རྗེ་བླ་མ་རྡོ་རྗེ་དཔལ་ལ་གདམས་པ་སོགས་ཆོས་ཚན་བཅུ། ཞུས་ལན་དང་ཞལ་གདམས་སྐོར་ལ། གཡག་སྡེ་པཎ་ཆེན་གྱི་དྲིས་ལན་ཆོས་ཚན་བཅུ་དགུ། གསོལ་འདེབས་ཀྱི་སྐོར་ལ། བསྟན་པ་སྤྱི་འགྲེལ་ཞེས་བྱ་བའི་གསོལ་འདེབས་སོགས་ཆོས་ཚན་ཉེར་བཞི། སྐུ་འབུམ་ཆེན་མོའི་སྐོར་ལ། རྒྱལ་བའི་མཆོད་རྟེན་དཔལ་ཡོན་ཅན་གྱི་བཞེངས་ཚུལ་ལ་བསྟོད་པ་འཁོར་བ་དོང་སྤྲུག་སོགས་ཆོས་ཚན་གསུམ། བསྟོད་ཚོགས་སྐོར་ལ། དོན་དམ་དབྱིངས་རིག་དབྱེར་མེད་ལ་བསྟོད་པ་སོགས་ཆོས་ཚན་ཉེར་ལྔ། ཟབ་ལམ་འཕོ་བའི་སྐོར་ལ། འཕོ་བའི་མན་ངག་ཁྱད་འཕགས་རབ་ཏུ་རྒྱས་པ་སོགས་ཆོས་ཚན་གསུམ། རྒྱུད་སྡེ་གཞན་གྱི་སྐོར་ལ། དགྱེས་རྡོར་དབང་གི་ལེགས་བཤད་ལུང་དང་མཐུན་པ་སོགས་ཆོས་ཚན་གཉིས། རྡོ་རྗེ་ཕྲེང་བའི་སྐོར་ལ། དབང་གི་ཆོ་ག་རྣམ་པར་བསྡུས་པའི་རྡོ་རྗེའི་ཕྲེང་བ་སོགས་ཆོས་ཚན་གསུམ། བསྐང་གསོལ་སྐོར་ལ། ཡི་དམ་རྒྱུད་སྡེ་བཞིའི་བསྐང་བ་བདེ་སྟོང་ཡེ་ཤེས་རོལ་བ་སོགས་ཆོས་ཚན་བདུན། རྣམ་ཐར་སྐོར་ལ། མཁས་བཙུན་ཡོན་ཏན་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་འབྱུང་གནས་ཏེ་ཆོས་ཚན་གཅིག སྣ་ཚོགས་སྐོར་ལ། སྔགས་ཀླག་ཐབས་སོགས་ཆོས་ཚན་ཉེར་བརྒྱད། སྨོན་ལམ་སྐོར་ལ། དུས་འཁོར་རིམ་གཉིས་སྨོན་ལམ་སོགས་ཆོས་ཚན་བཅུ་གཅིག བཀྲ་ཤིས་ཀྱི་སྐོར་ལ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་བཀྲ་ཤིས་དགེ་ལེགས་རྒྱ་མཚོའི་སྒྲ་དབྱངས་སོགས་ཆོས་ཚན་ལྔ་བཅས་བསྡོམས་ཆོས་ཚན་ ༢༢༡ བཞུགས་ལ། དུས་འཁོར་མཆན་འགྲེལ་འདིའི་ནང་དུ་ཚུད་མེད།

ཀུན་མཁྱེན་དོལ་པོ་སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པའི་རིས་མེད་སྐྱེས་ཆེན་ཁག་ཅིག་གིས། བརྩམས་པའི་ཀུན་མཁྱེན་ཆེན་པོའི་བསྟོད་གསོལ་དང་། རྣམ་ཐར། བླ་མའི་རྣལ་འབྱོར་སོགས་མང་དུ་བཞུགས་པ་ལས་འདིར་དཔེ་མཚོན་ཙམ་སྨྲོས་ན། རོང་སྟོན་ཤེས་བྱ་ཀུན་རིག་(༡༣༦༧-༡༤༤༩)གིས་མཛད་པའི་ཀུན་མཁྱེན་ཆེན་པོ་དོལ་པོ་བ་ཤེས་རབ་རྒྱལ་མཚན་ལ་བསྟོད་པ་ཟབ་དོན་རིན་ཆེན་ཕྲེང་བ། ཞྭ་དམར་བཞི་པ་ཆོས་གྲགས་ཡེ་ཤེས་(༡༤༥༣-༡༥༢༤)ཀྱིས་མཛད་པའི་ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱི་ཡོན་ཏན་ལ་བསྔགས་པ་ཤློ་ཀ་བཅུ་གཅིག་པ། ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེས་(༡༥༠༧-༡༥༥༤)མཛད་པའི་ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ལ་བསྟོད་པ། ཀུན་སྤངས་ཆོས་གྲགས་དཔལ་གྱིས་མཛད་པའི་ཆོས་རྗེ་ཐམས་ཅད་མཁྱེན་པའི་སྐྱེས་རབས་རྣམ་ཐར་ཁྱད་འཕགས། ལོ་ཙཱ་ཆེན་པོ་བློ་གྲོས་དཔལ་གྱིས་མཛད་པའི་ཀུན་མཁྱེན་གསོལ་འདེབས་དངོས་གྲུབ་འབྱུང་གནས་མ། རིག་པའི་དབང་ཕྱུག་ཉ་དབོན་ཀུན་དགའ་དཔལ་གྱིས་མཛད་པའི་བསྟོད་གསོལ་རྒྱལ་མདུན་མ། ཇོ་གདན་གཉག་ཕུ་བ་བསོད་ནམས་བཟང་པོས་(༡༣༤༡-༡༤༣༣)མཛད་པའི་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་བསྟོད་པ་མཇལ་ཚད་དོན་ལྡན་མ། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའི་ཆོས་རྗེ་ཐམས་ཅད་མཁྱེན་པའི་བསྟོད་པ། ས་བཟང་མ་ཏི་པཎྜི་ཏས་མཛད་པའི་ཆོས་རྗེ་ཐམས་ཅད་མཁྱེན་པའི་བསྟོད་པ། ཞང་སྟོན་བསོད་ནམས་གྲགས་(༡༢༩༢-༡༣༧༠)པས་མཛད་པའི་ཆོས་རྗེ་ཐམས་ཅད་མཁྱེན་པའི་བསྟོད་པ་ཁྱད་འཕགས། ཞེ་ཆེན་རྒྱལ་ཚབ་བཞི་བ་པདྨ་རྣམ་རྒྱལ་(༡༨༧༡-༡༩༢༦) གྱིས་མཛད་པའི་ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་བརྒྱུད་པའི་གསོལ་འདེབས། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་(༡༨༡༣-༡༨༩༩)ཀྱིས་མཛད་པའི་ཆོས་རྗེ་ཀུན་མཁྱེན་དོལ་པོ་པ་ལ་བསྔགས་པ་གཞོམ་མེད་སྒྲ་དབྱངས། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་(༡༨༩༣-༡༩༥༩)ཀྱིས་མཛད་པའི་ཀུན་མཁྱེན་ཇོ་ནང་པ་ཆེན་པོར་རྒྱང་འབོད་ངེས་དོན་བྱིན་རླབས་མྱུར་དུ་འགུགས་པའི་ཕོ་ཉ་དང་། བདེ་གཤེགས་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རྣམ་ཐར་དང་མཐུན་པའི་གསོལ་འདེབས་ངེས་དོན་བྱིན་རླབས་ཆར་འབེབས། ཀུན་མཁྱེན་དོལ་བོའི་བླ་སྒྲུབ་སོགས་མང་དུ་བཞུགས་ཀྱང་རེ་ཞིག་དེ་ཙམ་མོ།།

དེ་ལྟ་བུའི་སྐྱེས་བུ་མཆོག་དེའི་མཚན་གྱི་རྣམ་གྲངས་ལ། ཁོང་གིས་མཛད་པའི་བསྟན་བཅོས་ཁྱད་འཕགས་རྣམས་ཀྱི་མཛད་བྱང་ལྟར་ན། བསྟན་རྩིས་ཆེན་པོ་པ་རྟོན་པ་བཞི་ལྡན། དོལ་པོ་པ་རྟོན་པ་བཞི་ལྡན། བཙུན་པ་དོལ་པོ་པ། ཤེས་རབ་རྒྱལ་མཚན་དཔལ་བཟང་པོ། རྒྱལ་ཁམས་ཀྱི་བསོད་སྙོམས་པ། སྙོམ་ལས་ཅན། རྡོ་རྗེ་འཛིན་པ་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ། ཤཱཀྱའི་དགེ་སློང་ཤེས་རབ་རྒྱལ་མཚན། རྒྱལ་ཁམས་པ་རྟོན་པ་བཞི་ལྡན། ཐམས་ཅད་མཁྱེན་པ་དོལ་པོ་པ། སྤྲང་པོ་ཤེས་རབ་རྒྱལ་མཚན། རྒྱལ་ཁམས་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་ཞེས་གསུངས་ཤིང་། འཇིག་རྟེན་འདིའི་ཐོག་གོང་དུ་འཕགས་པ་རྔ་བོ་ཆེའི་མདོ་ལས་ལུང་བསྟན་པ་ལྟར། ཀུན་མཁྱེན་དོལ་པོ་སངས་རྒྱས་ཞེས་ཡོངས་སུ་གྲགས་སོ།།

མཚམས་འདིར་འཕགས་པ་རྔ་བོ་ཆེའི་མདོ་དང་། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྐུ་ཚེའི་རྣམ་ཐར་གཉིས་སྡོམ་དུ་བཀོད་དེ་མཇུག་བསྡུ་བ་ལ། རྔ་བོ་ཆེ་ཆེན་པོའི་མདོར། དང་པོ། མདོ་སྡེ་དེའི་ཐུན་མིན་ཟབ་ཁྱད་དང་། དེའི་སྣོད་ཀྱི་ཁྱད་པར་གསལ་བར་བསྟན། གཉིས་པ། ངེས་དོན་མདོ་སྡེ་དེའི་བརྗོད་བྱ་སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོའི་ཡིན་ལུགས་རྒྱས་པར་གསུངས། གསུམ་པ། མ་འོངས་པར་མདོ་སྡེ་དེ་ཉིད་འཆད་སྤེལ་མཛད་པའི་སྐྱེས་བུ་མཆོག་དེ་དུས་ནམ་ཞིག་ལ་ཡུལ་གང་དུ་འཁྲུངས་པ་དང་། དེའི་མཚན་གྱི་ཁྱད་པར་སོགས་གསལ་བོར་ལུང་གིས་བསྟན། བཞི་བ། དེ་ལྟ་བུའི་སྐྱེས་བུ་མཆོག་དེའི་སྐུ་ཚེའི་ཚད་དང་། མཛད་པ་འཕྲིན་ལས་བཅས་གསལ་ཞིང་རྒྱས་པར་གསུངས་པ་ཙམ་དུ་མ་ཟད། མ་འོངས་པར་སངས་རྒྱས་གང་གི་ངོ་བོར་འཚང་རྒྱ་བའི་ཚུལ་བཅས་གོ་རིམ་ལྡན་ལ་ཞིབ་ཅིང་རྒྱས་པར་གསུངས་ཡོད་པས། ངེས་དོན་མདོ་སྡེ་དེའི་རྩ་བའི་བརྗོད་བྱ་ཀུན་མཁྱེན་དོལ་པོ་སངས་རྒྱས་དང་། ཁོང་གི་ཐུན་མིན་ལྟ་གྲུབ་གཞན་སྟོང་དབུ་མ་ཆེན་པོ། གནས་ཆེན་ཀ་ཡོ་རི་བཅས་རེད་ཅེས་བཤད་ཀྱང་དོན་ལ་གནས་པར་སེམས་སོ།།

དེ་བས་ཀྱང་གནའ་དེང་གི་སྐྱེ་བོ་མི་ཉུང་བ་ཞིག་གིས། གང་ཟག་གང་ཡང་རུང་བ་ཞིག་གི་མིང་གི་ཟུར་ཙམ་རེ་མདོ་རྒྱུད་ཁག་ནས་བཙལ་ཏེ། འདི་དང་འདིས་གང་ཟག་དེ་དང་དེ་ལུང་གིས་བསྟན་པ་རེད་ཅེས་ལུང་དོན་བཙན་འགྲེལ་དང་། ཐབས་ཟད་ཨུ་ཚུགས་ཀྱིས་ངལ་བ་ལྷུར་ལེན་པ་དེ་དག་དང་ནམ་ཡང་བསྡུར་ཐབས་མེད་དོ།།

མཐར་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་སྨོན་ལམ་ཁྱད་འཕགས་འདིས་《དྲུག་བརྒྱ་དྲུག་ཅུའི་རྗེས་དྲན་》མཇུག་བསྡུ་བར་བྱ་སྟེ།

བདག་ནི་ཚེ་རབས་ཐམས་ཅད་དུ།།
བསྟན་པ་གསལ་བར་བྱེད་གྱུར་ཅིག།
བསྟན་པ་གསལ་བར་མི་ནུས་ནའང༌།།
བསྟན་པའི་ཁུར་ཆེན་འཁུར་བར་ཤོག།
ཁུར་ཆེན་ཁུར་བར་མི་ནུས་ནའང༌།།
བསྟན་པའི་སེམས་ཁྲལ་བྱེད་པ་དང༌།།
བསྟན་པ་ཉམས་ཀྱི་དོགས་པ་ཡིས།།
བྱ་ར་ཙམ་ཡང་བྱེད་པར་ཤོག།

བོད་རྒྱལ་ལོ་ ༢༡༤༨ ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡ ཉིན།

 

དཔྱད་གཞིའི་ཡིག་ཆ།

 

[1] འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་གསུང་འབུམ། པོད། བ། འཛམ་ཐང་དབུ་མེད་ལག་བྲིས། ཤོག་གྲངས་ ༦༦༨

[2] སྡེ་དགེ་བཀའ་འགྱུར། མདོ་སྡེ། གླེགས་བམ། ཛ ཤོག་གྲངས་ ༨༧ ཉ-༨༨ ཉ

[3] སྡེ་དགེ་བཀའ་འགྱུར། མདོ་སྡེ། གླེགས་བམ། ཛ ཤོག་གྲངས་༨༩ ས-༩༠ ཉ

[4] སྡེ་དགེ་བཀའ་འགྱུར། མདོ་སྡེ། གླེགས་བམ། ཛ ཤོག་གྲངས་ ༩༡ ས-༩༢ ཉ

[5] སྡེ་དགེ་བཀའ་འགྱུར། མདོ་སྡེ། གླེགས་བམ། ཛ ཤོག་གྲངས་ ༡༢༢ ས

[6] གཡུ་སྒྲ་སྙིང་པོ་སོགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༥ ཤོག་གྲངས་ ༢༥༦

[7] པདྨ་གླིང་པ། ཨོ་རྒྱན་བཀའ་ཐང་། འབྲུག་དབུ་ཅན་ལག་བྲིས་མ། ཤོག་གྲངས ༨༡༦-༨༡༧

[8] མདོ་ཁམས་མི་ཉག་རབ་སྒང་གི་བྱུང་བ་རགས་བསྡུས་ལོ་རྒྱུས་ཀྱི་མྱུ་གུ ཤོག་གྲངས་ ༨༡-༨༢

[9] འཕགས་པ་སྤྲིན་ཆེན་པོའི་མདོ། སྡེ་དགེ མདོ་སྡེ། ཝ ཤོག་གྲངས་ ༡༨༧ས-༡༨༨ཉ

[10] སི་ཏུ་པ་ཆོས་ཀྱི་རྒྱ་མཚོ་གངས་ལྗོངས་དབུས་གཙང་གནས་བསྐོར་ལམ་ཡིག་ནོར་བུ་ཟླ་ཤེལ་གྱི་སེ་མོ་དོ། བཀྲ་ཤིས་ལྗོངས་པར་མ། ཤོག་ངོས་ཉིས་བརྒྱ་སོ་བཞི་ ཉ ཐིག་ཕྲེང་ ༡-༢

[11] སྡེ་དགེ་བཀའ་འགྱུར། མདོ་སྡེ། གླེགས་བམ། ཛ ཤོག་གྲངས་ ༡༢༣ ས-༡༢༤ ས

[12] དུས་འཁོར་རྒྱུད་འགྲེལ་ངོ་མཚར་རྟོགས་བརྗོད།

[13] རི་ཆོས་ངེས་དོན་རྒྱ་མཚོ། ཀུན་མཁྱེན་དོལ་པོ་སངས་རྒྱས། བོད་ཀྱི་གཙུག་ལག་གཅེས་བཏུས་པོད་ཕྲེང་།༧ ཕྱི་ལོ་ ༢༠༡༣ རྒྱ་གར་ལྡི་ལི། ཤོག་གྲངས་ ༡༠༥

[14] ཇོ་ནང་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ། མེས་པོའི་ཤུལ་བཞག ༡༩༩ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ༢༠༡༡ ཤོག་གྲངས་ ༡

[15] ཇོ་ནང་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ། མེས་པོའི་ཤུལ་བཞག ༡༩༩ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ༢༠༡༡ ཤོག་གྲངས་ ༣༦༦-༣༦༧

[16] སྡེ་དགེ་བཀའ་འགྱུར། མདོ་སྡེ། གླེགས་བམ། ཛ ཤོག་གྲངས་ ༡༢༢ ས-༡༢༣ ཉ

[17] ཆོས་རྗེ་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཁྱད་འཕགས། ཀུན་མཁྱེན་དོལ་པོའི་གསུང་འབུམ། ཛཾ་ཐང་པར་མ། གླེགས་བམ། ཀ ཤོག་གྲངས་ ༡༢༧ ཉ

[18] ཇོ་ནང་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ། མེས་པོའི་ཤུལ་བཞག ༢༠༢ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ༢༠༡༡ ཤོག་གྲངས་ ༩༣

[19] ཇོ་ནང་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ། མེས་པོའི་ཤུལ་བཞག ༢༠༢ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ༢༠༡༡ ཤོག་གྲངས་༡༠༧-༡༠༨

[20] དུས་འཁོར་ཆོས་འབྱུང་ལེགས་བཤད་ངོ་མཚར་དད་པའི་ཤིང་རྟ། ཤིང་པར། ཤོག་གྲངས་ ༡༠༢ ཉ

[21] ཇོ་ནང་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ། མེས་པོའི་ཤུལ་བཞག ༢༠༡ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ༢༠༡༡ ཤོག་གྲངས་ ༤༨༢, ༤༩༡-༤༩༢

[22] ཇོ་ནང་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ། མེས་པོའི་ཤུལ་བཞག ༢༠༡ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ༢༠༡༡ ཤོག་གྲངས་ ༤༩༡-༤༩༢

[23] ཇོ་ནང་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ། མེས་པོའི་ཤུལ་བཞག ༢༠༡ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ༢༠༡༡ ཤོག་གྲངས་ ༣༦༥

[24] སྡེ་དགེ་བཀའ་འགྱུར། མདོ་སྡེ། གླེགས་བམ། ཛ ཤོག་གྲངས་ ༡༢༤ ས-༡༢༥ ཉ

[25] སྡེ་དགེ་བཀའ་འགྱུར། མདོ་སྡེ། གླེགས་བམ། ཛ ཤོག་གྲངས་ ༡༢༥ ཉ

[26] ཐང་རྒྱལ་རྣམ་ཐར། ལོ་ཙྭ་བ་འགྱུར་མེད་བདེ་ཆེན། སྡེ་དགེ་པར་མ། ཤོག་གྲངས་ ༦ ས

[27] འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ། པོད། ༣ སྣ་རིང་འཕྲུལ་པར། ཤོག་གྲངས་ ༢༤༢-༢༤༣

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།